དབྱི་ལིང་ཕྱི་འབྲེལ་པུའུ་ཡིས་ཚེས་ཉེར་ལྔ་ཉིན་ཡོ་རོབ་གླིང་མནའ་འབྲེལ་དང་དབྱིན་ཇིའི་མི་སྒེར་སུམ་ཅུ་དང་དངོས་ཚོགས་བཞི་ལ་བཀག་སྡོམ་བྱེད་རྒྱུ་ཁྱབ་བསྒྲགས་བྱས།
དབྱི་ལིང་ཕྱི་འབྲེལ་པུའུ་ཡིས་བཤད་རྒྱུར། དབྱི་ལིང་ཕྱོགས་ཀྱིས་ཡོ་རོབ་གླིང་གྲོས་ཁང་གི་གྲོས་མི་ཁི་སི་ཐི་དང་དབྱིན་ཇིའི་གསང་འཕྲིན་ལས་ཁུངས་ཀྱི་དམག་དོན་གནས་ཚུལ་ཁྲུའུ་དྲུག་པའི་སྔོན་ཆད་ཀྱི་འགན་ཁུར་བ་ཏིས་ཨར་ལོ་ཧྥུའུ་སོགས་མི་སྒེར་དང་ཡོ་རོབ་གླིང་དབྱི་སི་རལ་གྱི་གྲོགས་པོ་སོགས་དངོས་ཚོགས་ལ་བཀག་སྡོམ་བྱེད་རྒྱུ་ཡིན་ཟེར། དབྱི་ལིང་ཕྱོགས་ཀྱིས་བསྟན་དོན། མི་སྒེར་དང་དངོས་ཚོགས་དེ་དག་གིས་འཇིགས་སྐུལ་རིང་ལུགས་དང་འཇིགས་སྐུལ་རྩ་འཛུགས་ལ་རྒྱབ་སྐྱོར་བྱས་པ་དང་། དབྱི་ལིང་མི་དམངས་ལ་དམིགས་པའི་འཇིགས་སྐུལ་འགུལ་སྐྱོད་ལ་ངན་སྐུལ་བྱས་ཏེ། དབྱི་ལིང་ནང་སྲིད་ལ་ཐེ་གཏོགས་བྱས་པ་དང་། དབྱི་ལིང་དང་འབྲེལ་བའི་བརྡ་འཕྲིན་རྫུན་མ་འུར་སྒྲོག་བྱས་ནས། དབྱི་ལིང་མི་དམངས་ཀྱི་བཀག་སྡོམ་ལ་ཤུགས་སྣོན་པ་སོགས་ལ་ཞུགས་ཡོད་ཟེར།
དབྱི་ལིང་ཕྱོགས་ཀྱིས་བཀག་སྡོམ་བྱེད་ཐབས་ལ་འབྲེལ་ཡོད་མི་སྒེར་དང་དངོས་ཚོགས་ཀྱི་དབྱི་ལིང་དངུལ་ལོར་དང་དངུལ་ལོར་མ་ལག་ཁྲོད་ཀྱི་རྩིས་ཐོ་དང་ཉོ་ཚོང་ལ་བཀག་སྡོམ་བྱེད་པ་དང་། དབྱི་ལིང་གི་དོ་དམ་ཁྱབ་ཁོངས་ནང་གི་རྒྱུ་ནོར་བཀག་འཇོག་བྱས་ཏེ། ལམ་ཡིག་གི་ཚད་བཀག་བྱས་པ་སོགས་འདུས།
ཡོ་རོབ་གླིང་མནའ་འབྲེལ་དང་དབྱིན་ཇི་ཡིས་དེའི་སྔོན་དབྱི་ལིང་གི་དངོས་ཚོགས་དང་མི་སྒེར་སྐོར་ཞིག་ལ་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱེད་རྒྱུ་ཁྱབ་བསྒྲགས་བྱས། དབྱི་ལིང་གིས་ཉེ་སྔོན་དབྱིན་ཇིའི་གསང་མྱུལ་བའི་བྱ་འགུལ་གཉེར་བའི་དབྱི་ལིང་རྒྱལ་སྲུང་པུའུ་ཡི་སྔོན་ཆད་ཀྱི་དཔོན་རིགས་གཅིག་ལ་སྲོག་ཁྲིམས་བཅད་པས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་ཛ་དྲག་ཏུ་གྱུར་བ་རེད། ཟླ་འདིའི་ཚེས་བཅོ་བརྒྱད་ཉིན། ཡོ་རོབ་གླིང་གྲོས་ཁང་གིས་ཡོ་རོབ་གླིང་མནའ་འབྲེལ་དང་ཡོ་རོབ་གླིང་མནའ་འབྲེལ་ཁོངས་གཏོགས་རྒྱལ་ཁབ་ཀྱིས་དབྱི་ལིང་དབྱི་སི་ལན་གསར་བརྗེ་རུ་ཁག་དེ་འཇིགས་སྐུལ་རྩ་འཛུགས་ནང་འཇོག་དགོས་པའི་འབོད་སྐུལ་བཏང་བས། དབྱི་ལིང་ཕྱོགས་ཀྱིས་ཡོ་རོབ་གླིང་གྲོས་ཁང་གི་གྲོས་འདོན་དེར་རྒོལ་གཏམ་དྲག་པོ་བཏང་།
བསོད་ནམས་ཚེ་རིང་གིས་བསྒྱུར།