དབྱི་ལང་གི་ཕྱི་འབྲེལ་པུའུ་ཀྲང་ཨ་པུའུ་ཏུའུ་ལཱ་ཞི་དབྱང་གིས་ཚེས་ཉེར་བདུན་ཉིན་བཤད་རྒྱུར། དབྱི་ལང་གི་གསང་འཕྲིན་དང་བདེ་འཇགས་སྡེ་ཁག་གིས་ཉིན་དེའི་ཅུང་སྔ་བའི་དུས་སུ་ཨ་སའེ་པའེ་ཅང་གི་དབྱི་ལང་དུ་སྡོད་པའི་གཞུང་ཚབ་ཁང་དུ་བྱུང་བའི་མེ་མདས་བརྒྱབ་པའི་དོན་རྐྱེན་དེ་ནི་འཇིགས་སྐུལ་རིང་ལུགས་ཀྱི་རྩ་འཛུགས་ལྡན་པའི་འགུལ་སྐྱོད་ཅིག་མིན་པར། མི་སྒེར་གྱི་བྱ་སྤྱོད་རེད་ཟེར།
ཨ་པུའུ་ཏུའུ་ལཱ་ཞི་དབྱང་ཉིན་དེར་སྨན་ཁང་དུ་སོང་ནས་མེ་མདས་བརྒྱབ་པའི་དོན་རྐྱེན་ཁྲོད་ཀྱི་རྨས་མར་བལྟས་རྗེས་ཨ་སའེ་པའེ་ཅང་གི་དབྱི་ལང་དུ་སྡོད་པའི་གཞུང་ཚབ་ཆེན་མོ་ཨ་ལའེ་ཀྲ་ཏ་དང་མཉམ་དུ་བསྡུས་པའི་གསར་འགོད་པའི་ཚོགས་འདུའི་སྟེང་བཤད་རྒྱུར། དབྱི་ལང་གི་ཙུང་ཐུང་ལའེ་ཞི་ཡིས་དོན་དེར་ཞིབ་བཤེར་བྱེད་དགོས་པའི་བཀའ་ཕབ་སྟེ། དོན་དག་དེའི་ཐད་ནོར་འཁྲུལ་ཡོད་པའི་མི་རྣམས་ཀྱི་འགན་འཁྲི་རྩད་གཅོད་བྱེད་དགོས་ཞེས་བཤད་ཡོད་ཟེར།
གཞན་ཡང་དབྱི་ལང་ཕྱི་འབྲེལ་པུའུ་ཡི་དྲ་ཚིགས་སྟེང་བཀོད་པའི་གསར་འགྱུར་ལྟར་ན། ཨ་པུའུ་ཏུའུ་ལཱ་ཞི་དབྱང་གིས་ཉིན་དེར་ཅུང་སྔ་བའི་དུས་སུ་ཨ་སའེ་པའེ་ཅང་གི་ཕྱི་འབྲེལ་པུའུ་ཀྲང་པ་དབྱི་ལང་མོ་ཧྥུའུ་ལ་ཁ་པར་གཏོང་སྐབས། དབྱི་ལང་དང་ཨ་སའེ་པའེ་ཅང་གིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་འཇབ་རྒོལ་དོན་རྐྱེན་དེའི་ཤུགས་རྐྱེན་ཐེབས་སུ་འཇུག་མི་རུང་ཞེས་བཤད་པ་དང་། ཨ་པུའུ་ཏུའུ་ལཱ་ཞི་དབྱང་གིས་ད་དུང་རྒྱལ་ཁབ་གཉིས་ཀྱི་བདེ་འཇགས་སྡེ་ཁག་གིས་མཉམ་ལས་དམ་པོ་བྱས་ཏེ་དོན་རྐྱེན་དེར་རྩ་གཅོད་གསལ་བོ་བྱེད་རྒྱུའི་གྲོས་འགོ་བཏོན་ཟེར།
ཨ་སའེ་པའེ་ཅང་གི་དབྱི་ལང་དུ་སྡོད་པའི་གཞུང་ཚབ་ཁང་དུ་ཚེས་ཉེར་བདུན་ཉིན་གྱི་སྔ་དྲོར་མེ་མདས་བརྒྱབ་པའི་དོན་རྐྱེན་ཞིག་བྱུང་ནས། གཞུང་ཚབ་ཁང་དེའི་བདེ་སྲུང་འགན་ཁུར་བ་ཞིག་རྐྱེན་ལམ་དུ་ཤོར་བ་དང་། མི་གཞན་པ་གཉིས་ལ་རྨས་ཕོག དབྱི་ལང་ཉེན་རྟོག་ཕྱོགས་ཀྱིས་མེ་མདས་རྒྱག་མཁན་གྱིས་སྐད་ཆ་དྲངས་ནས་བཤད་རྒྱུར། ཨ་སའེ་པའེ་ཅང་གི་གཞུང་ཚབ་ཁང་ལ་འཇབ་རྒོལ་བྱེད་དོན་ནི་སྒེར་གྱི་བྱ་སྤྱོད་ཡིན་ཟེར། ཨ་སའེ་པའེ་ཅང་གི་ཕྱི་འབྲེལ་པུའུ་ཡིས་བཤད་རྒྱུར། ཨ་སའེ་པའེ་ཅང་ཕྱོགས་ཀྱིས་བྱེད་ཐབས་འོས་འཚམ་སྤྱད་དེ་གཞུང་ཚབ་ཁང་གི་བྱ་བ་སྒྲུབ་མཁན་དང་ཁོ་ཚོའི་ཁྱིམ་མི་རྣམས་གཞན་དུ་སྤོར་རྩིས་ཡོད་ཟེར། ཨ་སའེ་པའེ་ཅང་གི་ཙུང་ཐུང་ཨ་ལའེ་ཡེ་ཧྥུའུ་ཡིས་ཉིན་དེར་སྤྱི་འབྲེལ་སྨྱན་སྦྱོར་བརྒྱུད་ནས། དེ་ནི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ཞིག་ཡིན་ལ། ལག་དམར་མྱུར་དུ་ཁྲིམས་ལ་སྦྱོར་དགོས་ཞེས་བཤད།