དབྱིན་ཇིའི་ཉིས་སྟོང་ཉེར་གཉིས་ལོའི་རླངས་འཁོར་ཐོན་སྐྱེད་ཀྱི་ཚད་མར་འགྲིབ།
2023.01.29 ཁུངས། ཀློག་གྲངས། 21

དབྱིན་ཇིའི་རླངས་འཁོར་སྒྲིག་བཟོ་ཁང་དང་ཚོང་གཉེར་མཐུན་ཚོགས་ཀྱིས་མིག་སྔར་གཞི་གྲངས་ཁྱབ་སྒྲོག་བྱས་པ་ལྟར་ན། ཉིས་སྟོང་ཉེར་གཉིས་ལོར་དབྱིན་ཇིའི་རླངས་འཁོརའབུམ་བདུན་དང་ཁྲི་བདུན་སྟོང་ལྔ་བཅུ་བཞི་ཐོན་སྐྱེད་བྱས་ལ། དེ་ཉིས་སྟོང་ཉེར་གཅིག་ལོ་ལས་བརྒྱ་ཆའི་དགུ་དང་གྲངས་ཆུང་བརྒྱད་མར་འགྲིབ་འདུག ཉིས་སྟོང་ཉེར་གཉིས་ལོའི་ཟླ་བཅུ་གཉིས་པར། དབྱིན་ཇིས་རླངས་འཁོར་ཁྲི་ལྔ་དང་སྟོང་གཅིག་བརྒྱད་དང་རེ་བརྒྱད་ཐོན་སྐྱེད་བྱས་ལ། དུས་མཉམ་ལས་བརྒྱ་ཆའི་བཅུ་བདུན་གྲངས་ཆུང་དགུ་མར་འགྲིབ་ཡོད།

གཞི་གྲངས་ལས་མངོན་པ་ལྟར་ན། ཉིས་སྟོང་ཉེར་གཉིས་ལོར་དབྱིན་ཇིའི་རླངས་འཁོར་ཕྱིར་གཏོང་གི་ཚད་དེ་བརྒྱ་ཆའི་བཅུ་བཞི་མར་འགྲིབ་ཡོད། ཡོ་རོབ་མནའ་འབྲེལ་དང་ཨ་མེ་རི་ཁ་ནི་དབྱིན་ཇིའི་རླངས་འཁོར་ཕྱིར་གཏོང་བྱེད་ས་གཙོ་བོ་ཡིན། ཉིས་སྟོང་ཉེར་གཉིས་ལོར། ཡོ་རོབ་མནའ་འབྲེལ་ལ་ཕྱིར་གཏོང་བྱས་པའི་ཚད་དེ་བརྒྱ་ཆའི་བཅུ་མར་འགྲིབ་ཅིང་། ཨ་མེ་རི་ཁ་ལ་ཕྱིར་གཏོང་བྱས་པའི་ཚད་དེ་བརྒྱ་ཆའི་སོ་གཅིག་གྲངས་ཆུང་དྲུག་གིས་མར་འགྲིབ་འདུག

དབྱིན་ཇིའི་རླངས་འཁོར་སྒྲིག་བཟོ་ཁང་དང་ཉོ་ཚོང་མཐུན་ཚོགས་ཀྱི་དབུ་བཞུགས་ལག་བསྟར་དཔོན་མེ་ཁུ་ཧའོ་ཟི་ཡིས་བསྟན་དོན། ཉིས་སྟོང་ཉེར་གཉིས་ལོར་དབྱིན་ཇིའི་གློག་སྒུལ་རླངས་འཁོར་བཟོས་པའི་ཁ་གྲངས་དེ་ལོ་སྔོན་མ་དག་ལས་མང་ནའང་། རླངས་འཁོར་སྒྲིག་བཟོའི་བྱ་བའི་འཕེལ་རྒྱས་དེ་སྔར་བཞིན་དཀའ་ཁག་ལ་འཕྲད་ཡོད་ཟེར།

དབྱེ་ཞིབ་ལས་བསྟན་དོན། ནུས་ཁུངས་རིན་གོང་འཕར་བའི་སྣང་ཚུལ་གྱིས་མ་རྩ་མཐོ་བ་དང་ཕྱི་ཕྱོགས་ཁྲོམ་ར་ཕྱིར་བསྐུམས་པ་བཅས་ནི། དབྱིན་ཇིའི་རླངས་འཁོར་ཐོན་སྐྱེད་ཀྱི་ཚད་ཇེ་དམའ་རུ་སོང་བའི་རྒྱུ་རྐྱེན་གཙོ་བོ་ཡིན་པར་འདོད།

དབྱིན་ཇིའི་འཕྲུལ་ཆས་སྒྲིག་བཟོ་མཉམ་འབྲེལ་ཚོགས་པའི་དབུ་བཞུགས་ལག་བསྟར་དཔོན་སི་ཐེ་ཧྥུན་ཧྥེ་ཕུ་ཟིན་གྱིས་བསྟན་དོན། ཉིས་སྟོང་ཉེར་གསུམ་ལོར་དབྱིན་ཇིའི་རླངས་འཁོར་སྒྲིག་བཟོ་ཁེ་ལས་ལ་མཚོན་ན། ནུས་ཁུངས་ཀྱི་མ་རྩ་མཐོ་རུ་འཕར་བཞིན་པ་ནི་ཉེན་ཁ་ཆེན་པོ་ཞིག་རེད་ལ། མ་འོངས་པའི་ལོ་གཅིག་གི་ནང་ལ་དབྱིན་ཇིའི་རླངས་འཁོར་སྒྲིག་བཟོ་ཁང་ལ་འགྲན་རྩོད་ཀྱིས་ཁེངས་ཡོད་ཟེར།

 སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།