ཨ་མེ་རི་ཁའི་ལོ་ཧྲན་ཅི་རུ་མེ་མདས་བརྒྱབ་པའི་དོན་རྐྱེན་བྱུང་སྟེ་ཉུང་མཐར་ཡང་མི་གསུམ་རྐྱེན་ལམ་དུ་ཤོར་བ་དང་མི་བཞི་ལ་རྨས་ཕོག
2023.01.29 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 28

ཨ་མེ་རི་ཁའི་ཅཱ་ལི་ཧྥུའུ་ཉི་ཡ་མངའ་སྡེའི་ལོ་ཧྲན་ཅི་རྫོང་དུ་ཚེས་ཉེར་བརྒྱད་ཉིན་མེ་མདས་བརྒྱབ་པའི་དོན་རྐྱེན་བྱུང་སྟེ་ཉུང་མཐར་ཡང་མི་གསུམ་རྐྱེན་ལམ་དུ་ཤོར་བ་དང་མི་བཞི་ལ་རྨས་ཕོག་ཡོད།   དེ་ནི་ཅཱ་ལི་ཧྥུའུ་ཉི་ཡ་མངའ་སྡེ་རུ་ཉིན་བརྒྱད་རིང་བྱུང་བའི་ཚབས་ཆེ་བའི་མེ་མདས་བརྒྱབ་པའི་དོན་རྐྱེན་ཐེངས་བཞི་བ་རེད།

ཉེན་རྟོག་ཕྱོགས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན།  ས་དེའི་དུས་ཚོད་ཚེས་ཉེར་བརྒྱད་ཉིན་གྱི་ནམ་གུང་གི་དུས་ཚོད་གཉིས་དང་སྐར་མ་སུམ་ཅུ་ཡས་མས་སུ།   པེས་ཧྥོ་ལི་རི་གྲོང་ཉེ་འདབས་ཀྱི་སྡོད་དམངས་ཁུལ་ཞིག་ཏུ་མེ་མདས་བརྒྱབ་པའི་དོན་རྐྱེན་བྱུང་།    ཉེན་རྟོག་ཕྱོགས་ལ་གནས་ཚུལ་འབྱོར་ཏེ་ཡུལ་དངོས་སུ་འབྱོར་རྗེས།  མི་གསུམ་དེ་མ་ཐག་རྐྱེན་ལམ་དུ་ཤོར་བ་དང་། དེ་མིན་རྨས་མ་བཞི་སྨན་ཁང་དུ་བསྐྱལ་ལ།  དེའི་ནང་གི་མི་གཉིས་ཀྱི་རྨས་སྐྱོན་ཚབས་ཆེན་རེད།

ས་གནས་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན།    མི་གསུམ་རླངས་འཁོར་ཞིག་གི་ནང་དུ་བསད་ཡོད་པ་དང་།  རྨས་མ་བཞི་རླངས་འཁོར་གྱི་ཉེ་འདབས་སུ་ཡོད།

མིག་སྔར་མེ་མདས་རྒྱག་མཁན་བྲོས་བྱོལ་བྱེད་བཞིན་ཡོད་པ་དང་།   ཉེན་རྟོག་ཕྱོགས་ཀྱིས་མང་ཚོགས་རྣམས་ཀྱིས་ཁུངས་སྣེ་འདོན་སྤྲོད་བྱས་ཏེ་ལག་དམར་འཛིན་བཟུང་བྱེད་པར་རམ་འདེགས་བྱེད་དགོས་པའི་འབོད་སྐུལ་བཏང་།

ཨ་མེ་རི་ཁའི་མེ་མདའ་དྲག་ཤུགས་ཡིག་ཚགས་དྲ་ཚིགས་ཀྱིས་བསྡོམས་རྩིས་བྱས་པ་ལྟར་ན།  ཨ་མེ་རི་ཁ་རུ་ད་ལོར་གཞི་རྒྱ་ཆེ་བའི་མེ་མདས་བརྒྱབ་པའི་དོན་རྐྱེན་ཐེངས་ཉེར་གཉིས་བྱུང་བ་དང་།  ཉིས་སྟོང་བཅུ་བཞི་ལོར་དོན་རྐྱེན་དེའི་རིགས་ཐོ་འགོད་བྱེད་མགོ་བརྩམས་པའི་ཚུན་ལ་བྱུང་བའི་དུས་མཚུངས་རིགས་མཚུངས་ཀྱི་དོན་རྐྱེན་ཆེས་མང་བའི་ལོ་ཞིག་རེད།

                                                                                                                  ལྷ་མོ་ཚེ་རིང་གིས་བསྒྱུར།