ཝུའུ་ཁི་ལན་གྱི་ཙུང་ཐུང་གཞུང་སྒྲུབ་ཁང་གི་བློ་འདོན་པ་པོ་ཏོ་ལིས་ཡ་ཁི་ཡིས་ཚེས་ཉེར་བརྒྱད་ཉིན་བསྟན་དོན། ནུབ་ཕྱོགས་རྒྱལ་ཁབ་ཀྱིས་ཝུའུ་ཁི་ལན་ལ་འཐབ་འཛིང་གནམ་གྲུ་དང་རྒྱང་འཕེན་འཕུར་མདའ་འདོན་སྤྲོད་བྱེད་པའི་གྲོས་མོལ་སྤེལ་བཞིན་པའི་སྒང་ཡིན་ཟེར། ཨུ་རུ་སིའི་ཕྱི་འབྲེལ་དཔོན་པོས་ཉིན་དེར་བཤད་རྒྱུར། ཝུའུ་ཁི་ལན་ལ་དམག་བཀོལ་གནམ་གྲུ་འདོན་སྤྲོད་བྱེད་པ་དེས་ནུབ་ཕྱོགས་རྒྱལ་ཁབ་དང་ཨུ་རུ་སིའི་འགལ་བ་ཚབས་ཇེ་ཆེར་འགྲོ་སྲིད་པ་མཚོན་ཡོད་ཟེར།
པོ་ཏོ་ལིས་ཡ་ཁི་ཡིས་བརྙན་འཕྲིན་ལེ་ཚན་ལས་བཤད་རྒྱུར། ཁྲབ་ལྡན་འཁོར་ལོའི་འགེབ་སྲུང་འགོག་པ་དང་། ཨུ་རུ་སི་ཕྱོགས་ཀྱི་མེ་སྒྱོགས་འཕེན་པའི་ནུས་པ་ཉམས་པར་བྱེད་ཆེད། ཝུའུ་ཁི་ལན་ལ་འཐབ་འཛིང་གནམ་གྲུ་དང་ཨུ་རུ་སིའི་རྒྱབ་ཕྱོགས་ཀྱི་མཚོན་ཆའི་མཛོད་ཁང་ལ་འཇབ་རྒོལ་བྱེད་ཐུབ་པའི་རྒྱང་འཕེན་འཕུར་མདའ་ཧ་ཅང་མཁོ་ཟེར། ཁོས་བཤད་རྒྱུར། ཁི་ལིས་མུས་ཡ་ཁོ་ན་རུ་ཡང་མཚོན་ཆའི་མཛོད་ཁང་བརྒྱ་ལྷག་ཡོད་ལ། དེ་དག་ནི་ཝུའུ་ཁི་ལན་གྱིས་གཏོར་བརླག་བྱེད་པའི་དམིགས་ཡུལ་ཡིན་ཟེར།
ཝེ་ཡ་ནའི་དམག་དོན་བདེ་འཇགས་དང་དྲག་ཆས་ཚོད་འཛིན་གནད་དོན་གྱི་གྲོས་མོལ་འཐུས་མིའི་ཨུ་རུ་སིའི་འཐུས་ཚབ་ཚོགས་པའི་ཚོགས་གཙོ་ཅ་ཧྥུའུ་ལིས་ལོ་ཧྥུའུ་ཡིས་ཚེས་ཉེར་བརྒྱད་ཉིན་ཨུ་རུ་སིའི་སྐར་དམར་བརྙན་འཕྲིན་ཁང་གི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཝུའུ་ཁི་ལན་ལ་དམག་བཀོལ་གནམ་གྲུ་འདོན་སྤྲོད་བྱེད་པ་དེས་ནུབ་ཕྱོགས་རྒྱལ་ཁབ་དང་ཨུ་རུ་སིའི་འགལ་བ་ཚབས་ཇེ་ཆེར་འགྲོ་བ་མཚོན་ཡོད་ཟེར། ཁོས་བསྟན་དོན། ནུབ་ཕྱོགས་རྒྱལ་ཁབ་ཀྱིས་ཝུའུ་ཁི་ལན་ལ་མཚོན་ཆ་འདོན་སྤྲོད་བྱེད་པའི་བྱ་སྤྱོད་དེས་མང་ཚོགས་ཁྲོད་དུ་སེམས་ཁུར་དང་འགོག་རྒོལ་གྱི་སྣང་ཚུལ་བཟོས་པས། དེ་ནི་ཡོ་རོབ་གླིང་ལ་མཚོན་ན་སྔ་ལྟས་ངན་པ་ཞིག་ཡིན་ཞིང་། ཆབ་སྲིད་པ་སྤྱང་པོ་དག་གིས་དེ་གསལ་བོར་ཤེས་ཡོད་ཟེར།
ཨ་མེ་རི་ཁའི་ད་ལྟའི་དུས་རིམ་དུ་ཝུའུ་ཁི་ལན་ལ་འཐབ་འཛིང་གནམ་གྲུ་འདོན་སྤྲོད་བྱེད་པའི་རྣམ་འགྱུར་དེ་ཙམ་བརྟན་པོ་མིན། ཨ་མེ་རི་ཁའི་སྐུད་ཡོད་བརྙན་འཕྲིན་གསར་འགྱུར་དྲ་བས་ཚེས་ཉེར་བདུན་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཨ་མེ་རི་ཁའི་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་འཐབ་ཇུས་འབྲེལ་འདྲིས་མཐུན་སྦྱོར་མི་སྣ་ཁི་པེ་ཡིས་ཉིན་དེར་བཤད་རྒྱུར། ང་ཚོས་ཝུའུ་ཁི་ལན་བར་དུ་ཁོ་ཚོའི་རེ་འདོད་བསྐོང་བའི་ཐད་ནས་འབྲེལ་འདྲིས་བྱས་ཏེ། ཁོ་ཚོར་མཁོ་བའི་རོགས་སྐྱོར་བྱེད་པར་ཁག་ཐེག་བྱེད་བཞིན་ཡོད། གལ་ཏེ་ང་ཚོས་ད་ལྟར་བསྒྲུབ་མ་ཐུབ་ཚེ། ང་ཚོའི་མནའ་གྲོགས་ཁ་ཤས་ཀྱིས་དོན་དག་དེ་བསྒྲུབ་ཆོག་ཟེར། དེས་མི་ཚད་ཨ་མེ་རི་ཁའི་ཙུང་ཐུང་གི་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་ལག་རོགས་གཞོན་པ་ཧྥིན་ནཱ་ཡིས་ཚེས་ཉེར་དྲུག་ཉིན་བཏང་བའི་གསར་འགྱུར་ལེ་ཚན་ཞིག་ལས་ཨ་མེ་རི་ཁའི་སྲིད་གཞུང་གིས་ཝུའུ་ཁི་ལན་ལ་འཐབ་འཛིང་གནམ་གྲུ་འདོན་སྤྲོད་བྱེད་རྒྱུ་ཡིན་མིན་གྱི་དྲི་བར་ལན་འདེབས་སྐབས། ཨ་མེ་རི་ཁ་ཕྱོགས་ཀྱིས་ཝུའུ་ཁི་ལན་ལ་མཚོན་ཆ་གང་གི་རིགས་འདོན་སྤྲོད་བྱེད་པའི་ཐད་ནས་དྲིལ་སྒྲོག་ཅི་ཡང་བྱེད་མི་སྲིད། ཝུའུ་ཁི་ལན་ལ་རོགས་སྐྱོར་བྱེད་པའི་མཚོན་ཆའི་ཕྱོགས་ནས་ཨ་མེ་རི་ཁ་ཕྱོགས་གཅིག་པུས་ཐག་གཅོད་མི་སྲིད་པར། མནའ་གྲོགས་དང་ཝུའུ་ཁི་ལན་ཕྱོགས་ཀྱི་འབྲེལ་འདྲིས་དམ་པོར་བལྟས་ཏེ་ཐག་གཅོད་བྱ་རྒྱུ་ཡིན་ཞེས་བཤད།
ཨུ་རུ་སིའི་གསར་འགྱུར་ཁང་གིས་ཚེས་ཉེར་དགུ་ཉིན་ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་གཞོན་པ་ལིས་ཡ་པུའུ་ཁི་ཧྥུའུ་ཡི་སྐད་ཆ་དྲངས་པ་ལྟར་ན། ཨ་མེ་རི་ཁས་ཝུའུ་ཁི་ལན་ལ་ཐན་ཁི་འཁོར་ལོ་འདོན་སྤྲོད་བྱེད་པ་ནི་འགལ་བ་ཚབས་ཇེ་ཆེར་གཏོང་བའི་ཆེད་མིན་ཞེས་བཤད་པ་དེ་ནི་དོན་དངོས་མངོན་གསལ་དུ་ཁས་མ་བླངས་པ་རེད་ཟེར། ཁོས་བཤད་རྒྱུར། ཉེ་སྔོན་ཨ་མེ་རི་ཁ་དང་བྱང་ཆིངས་རྩ་འཛུགས་ཀྱི་འཐུས་མིས་གཏམ་བཤད་སྐབས་ཨོ་ཝེ་ཨར་གྱི་སྐད་ཆ་དམག་འཁྲུག་ནི་ཞི་བདེ་ཡིན་ཞེས་པ་དེ་ཐེངས་མང་བཀོལ་བྱུང་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འགན་མི་འཁུར་བར་མ་ཟད་ཐ་ན་རང་ཚོད་མི་ཐུབ་པའི་ནུབ་ཕྱོགས་ཀྱི་ཆབ་སྲིད་པ་དེ་དག་གིས་འཛམ་གླིང་འདི་ཅི་ལྟ་བུ་ཞིག་ཏུ་བསྒྱུར་ངེས་པར་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད་ཟེར།
ཝུའུ་ཁི་ལན་གྱི་རྒྱལ་སྤྱིའི་གློག་སྐྱེལ་གློག་འཕྲིན་ཁང་གིས་ཚེས་ཉེར་བརྒྱད་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཝུའུ་ཁི་ལན་གྱི་ཧྥ་རན་སིར་སྡོད་པའི་གཞུང་ཚབ་ཆེན་མོ་ཨོ་མཱེ་ལིས་ཆིན་ཁི་ཡིས་ཧྥ་རན་སིའི་སྨྱན་སྦྱོར་གྱི་བཅར་འདྲི་དང་ལེན་བྱེད་སྐབས་རྒྱལ་ཁབ་མང་བོས་ཝུའུ་ཁི་ལན་ལ་ཐན་ཁི་འཁོར་ལོ་སུམ་བརྒྱ་དང་ཉེར་གཅིག་འདོན་སྤྲོད་བྱེད་རྒྱུའི་དམ་བཅས་ཡོད་ཟེར། དེ་དང་མཉམ་དུ་ཁོས་གལ་ཏེ་ཝུའུ་ཁི་ལན་གྱིས་ཟླ་བརྒྱད་པ་དང་ཟླ་དགུ་པའི་བར་སྒུག་ཚེ་ད་གཟོད་ཐན་ཁི་འཁོར་ལོ་དེ་དག་ཐོབ་ཐུབ་ཚེ། དུས་ཚོད་ཧ་ཅང་འཕྱི་དྲགས་སོང་ཞེས་ནན་གྱིས་བཤད།
ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡི་མགྲིན་ཚབ་པ་ཁི་ནཱ་ཧྲིན་ཁི་ཧྥུའུ་ཡིས་ཚེས་ཉེར་བརྒྱད་ཉིན་བསྒྲགས་རྒྱུར། འདས་པའི་ཉིན་གཅིག་གི་རིང་ལ། ཨུ་རུ་སིའི་དམག་གིས་མུ་མཐུད་དུ་དམིགས་བསལ་དམག་དོན་འགུལ་སྐྱོད་སྤེལ་ནས། ཁུའུ་ཕིས་དབྱང་སི་ཁི་དང་ཧུང་ལིས་མན། ཏོན་ཉི་ཚིས་ཁི། ཏོན་ཉི་ཚིས་ཁི་ལྷོ་མ་དང་ཀྲ་པོ་ལོ་རི་སོགས་ནས་ཝུའུ་ཁི་ལན་དམག་ཕྱོགས་ཀྱི་མི་བརྒྱ་དང་དོན་ལྔ་བསད་པར་མ་ཟད། ཝུའུ་ཁི་ལན་དམག་དཔུང་གི་རྐང་དམག་འཐབ་འཛིང་འཁོར་ལོ་དང་ཁྲབ་ལྡན་འཐབ་འཛིང་འཁོར་ལོ། རླངས་འཁོར་སོགས་སྐོར་ཞིག་བརླགས་ཡོད་ལ། ཝུའུ་ཁི་ལན་གྱི་འཐབ་འཛིང་གནམ་གྲུ་གཅིག་དང་མི་མེད་གནམ་གྲུ་དགུ་ཐང་ལ་འཕངས་ཡོད་ཟེར།