
དབྱི་ལང་རྩ་ཁྲིམས་ལྟ་སྐྱོང་ཨུ་ཡོན་ལྷན་ཁང་གི་མགྲིན་ཚབ་པ་ནཱ་ཅི་ཧྥུའུ་ཡིས་ཚེས་ཉེར་བརྒྱད་ཉིན་བཤད་རྒྱུར། ཨུ་ཡོན་ལྷན་ཁང་དེས་དེའི་སྔོན་གྲོས་ཁང་ནས་གྲོས་འཆམ་བྱུང་བའི་དབྱི་ལང་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཏུ་འགྱུར་བའི་ཁྲིམས་དོན་གྲོས་གཞི་ལ་ཆོག་མཆན་བཀོད་ཟེར།
དབྱི་ལང་མེ་ཧི་ཨར་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ནཱ་ཅི་ཧྥུའུ་ཡིས་བཤད་རྒྱུར། དེའི་སྔོན་གྲོས་ཁང་གིས་སྤྲད་པའི་ཁྲིམས་དོན་གྲོས་གཞིའི་ནང་དོན་ཁ་ཤས་ཐད་གནད་དོན་དང་ཁ་གསལ་མིན་པའི་ཆ་གནས་ཡོད། གྲོས་ཁང་གིས་འབྲེལ་ཡོད་གནད་དོན་ཐག་བཅད་ཡོད་ལ། རྩ་ཁྲིམས་ལྟ་སྐྱོང་ཨུ་ཡོན་ལྷན་ཁང་གིས་འབྲེལ་ཡོད་བཅོས་སྒྱུར་ལ་ཞིབ་བཤེར་གཏན་འབེབས་བྱས་ཏེ་ཁྲིམས་དོན་གྲོས་གཞི་དེར་ཆོག་མཆན་བཀོད་པ་ཡིན་ཟེར།
ཁོས་བཤད་རྒྱུར། རྩ་ཁྲིམས་ལྟ་སྐྱོང་ཨུ་ཡོན་ལྷན་ཁང་གིས་ཚེས་ཉེར་བརྒྱད་ཉིན་གྲོས་ཁང་ལ་ཁྲིམས་དོན་གྲོས་གཞི་དེར་ཆཆོག་མཆན་བཀོད་ནས་དངོས་གཞིའི་འཕྲིན་ཡིག་བསྐུར་བ་དང་། གྲོས་ཁང་གི་གྲོས་དཔོན་གྱིས་ཁྲིམས་དོན་གྲོས་གཞི་དེ་ཙུང་ཐུང་ལ་སྤྲད་དེ་མིང་ཐོ་བཀོད་རྗེས་ལག་བསྟར་བྱེད་ངེས་ཡིན་ཟེར།
དབྱི་ལང་རྩ་ཁྲིམས་ལྟ་སྐྱོང་ཨུ་ཡོན་ལྷན་ཁང་གི་འགན་འཁྲི་གཙོ་བོ་ནི་གྲོས་ཁང་ནས་གྲོས་འཆམ་བྱུང་བའི་གྲོས་གཞི་ལ་གྲོས་ཞིབ་དང་ངོས་འཛིན་བྱས་ཏེ་དབྱི་སི་ལན་ཆོས་ལུགས་དང་རྩ་ཁྲིམས་དང་རྒྱབ་འགལ་དུ་གྱུར་ཡོད་མེད་ཐག་གཅོད་རྒྱུ་དེ་ཡིན།
ཉིས་སྟོང་ཉེར་གཉིས་ལོའི་ཟླ་དགུ་བར་ཝུའུ་ཙི་པེ་ཁི་སི་སན་གྱི་སཱ་མ་ཨར་ཧན་དུ་འཚོགས་པའི་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཀྱི་མགོ་གཙོའི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་ཉེར་གཉིས་པའི་སྟེང་དབྱི་ལང་ཧྲང་ཧེ་མཉམ་ལས་རྩ་འཛུགས་ནང་ཞུགས་པའི་འོས་འགན་གྱི་ཟིན་ཐོར་མིང་རྟགས་བཀོད། དབྱི་ལང་གྲོས་ཁང་གིས་ཉིས་སྟོང་ཉེར་གཉིས་ལོའི་ཟླ་བཅུ་གཅིག་པའི་ཚེས་ཉེར་བདུན་ཉིན་འདེམ་ཤོག་མང་པོ་ཐོབ་པའི་མཇུག་འབྲས་ཀྱིས་དབྱི་ལང་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཏུ་འགྱུར་བའི་ཁྲིམས་དོན་གྲོས་གཞི་ལ་གྲོས་འཆམ་བྱུང་།
ལྷ་མོ་ཚེ་རིང་གིས་བསྒྱུར།