ཀྲུང་གོའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་མའོ་ཉིང་གིས་ཚེས་སུམ་ཅུ་ཉིན་བཤད་རྒྱུར། ཀྲུང་གོས་མུ་མཐུད་དུ་དྲང་གཞག་དང་ཟོལ་མེད་ཀྱི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གོ་དང་ཝ་ནུ་ཨ་ཐུའུ་ཡི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་རྒྱུན་མ་ཆད་པར་སྔར་ལས་མཐོ་བའི་ཆུ་ཚད་དུ་སླེབས་པར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་བདེ་སྐྱིད་བསྐྲུན་རྒྱུ་ཡིན་ཟེར།
ཉིན་དེའི་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུའི་སྟེང་། གསར་འགོད་པས་བསྒྲགས་པའི་གནས་ཚུལ་ལྟར་ན། ཝ་ནུ་ཨ་ཐུའུ་ཡི་ཕྱི་འབྲེལ་པུའུ་ཀྲང་ནཱ་ཕ་ཐི་ཡིས་ཁ་ཡིག་ལ་ཝ་ནུ་ཨ་ཐུའུ་དང་ཀྲུང་གོའི་འབྲེལ་བ་བདེ་ཐང་ངང་དར་རྒྱས་སུ་གཏོང་བ་ཞེས་པའི་གསལ་བསྒྲགས་སྤེལ་ནས། ཝ་ནུ་ཨ་ཐུའུ་དང་ཀྲུང་གོའི་འབྲེལ་བར་གདེང་འཇོག་མཐོན་པོ་བྱས་པ་དང་། ཝ་ནུ་ཨ་ཐུའུ་ཡིས་ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་སྒོས་ལག་བསྟར་བྱེད་རྒྱུ་ཡིན་ལ། ཀྲུང་གོ་ནི་ཝ་ནུ་ཨ་ཐུའུ་ཡིས་འཕེལ་རྒྱས་དམིགས་འབེན་མངོན་འགྱུར་བྱེད་པའི་མཉམ་ལས་ཀྱི་གྲོགས་པོ་གལ་ཆེན་ཡིན་པ་དང་། དུས་གཏན་དུ་གཅེས་འཛིན་བྱེད་པའི་གྲོགས་པོ་ཡིན་ཞེས་བཤད་པ་དེར་ཀྲུང་གོ་ཕྱོགས་ཀྱིས་དཔྱད་བརྗོད་ཅི་ཞིག་སྤེལ་རྒྱུ་ཡིན་ཞེས་དྲིས་པ་ན། མའོ་ཉིང་གིས་བསྟན་དོན། ཀྲུང་གོས་ཕྱི་འབྲེལ་པུའུ་ཀྲང་ནཱ་ཕ་ཐི་ཡིས་སྤེལ་བའི་ཀྲུང་གོ་དང་ཝ་ནུ་ཨ་ཐུའུ་ཡི་འབྲེལ་བའི་སྐོར་གྱི་གསལ་བསྒྲགས་ལ་དགའ་བསུ་ཞུས་པ་ཡིན། རྒྱུས་ལོན་བྱུང་བ་ལྟར་ན། དེ་ནི་ཕྱི་འབྲེལ་པུའུ་ཀྲང་ནཱ་ཕ་ཐི་ཡིས་ན་ནིང་གི་ཟླ་བཅུ་གཅིག་པར་འགན་ཁུར་བའི་ཚུན་ལ་སྤེལ་བའི་ཕྱོགས་གཉིས་ཀྱི་འབྲེལ་བའི་སྐོར་གྱི་གསལ་བསྒྲགས་ཐོག་མ་རེད། དེས་ཝ་ནུ་ཨ་ཐུའུ་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་འབྲེལ་བ་གོང་དུ་སྤེལ་བར་ཧ་ཅང་མཐོང་ཆེན་བྱེད་བཞིན་པ་མཚོན། ཝ་ནུ་ཨ་ཐུའུ་ཕྱོགས་ཀྱི་གསལ་བསྒྲགས་ལས། ཀྲུང་གོ་ནི་ཝ་ནུ་ཨ་ཐུའུ་ཡི་གལ་ཆེ་ཞིང་བརྩི་བཀུར་བྱེད་པའི་གྲོགས་པོ་ཡིན་ལ། དུས་གཏན་དུ་གཅེས་འཛིན་བྱེད་པའི་གྲོགས་པོ་ཡིན་པ་མཚོན་ལ། ཝ་ནུ་ཨ་ཐུའུ་སྲིད་གཞུང་གིས་ཀྲུང་གོའི་བར་གྱི་འབྲེལ་བ་བརྟན་པོ་གོང་དུ་སྤེལ་བ་དང་ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་སྒོས་ལག་བསྟར་བྱེད་པ་མཚོན་ཡོད་ཟེར།
མའོ་ཉིང་གིས་བཤད་རྒྱུར། ལོ་མང་བོའི་རིང་ལ་ཀྲུང་གོ་ནི་འགན་ཁུར་བའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོ་ཡིན་པའི་ཆ་ནས། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་འཛུགས་པར་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ་ཡིན་ལ། འདྲ་མཉམ་གྱི་ལྟ་སྟངས་འཛིན་པ་དང་ཕན་ཚུན་བརྩི་བཀུར་བྱེད་པ། མཉམ་ལས་མཉམ་རྒྱལ། དཀྱེལ་ཡངས་བཟོད་སྒོམ་བཅས་ཀྱི་རྩ་དོན་གྱི་རྨང་གཞིའི་སྟེང་ཝ་ནུ་ཨ་ཐུའུ་སོགས་ཞི་བདེ་རྒྱ་མཚོའི་གླིང་ཕྲན་རྒྱལ་ཁབ་བར་དུ་མཉམ་ལས་བྱས་ཏེ། ཀྲུང་གོའི་འཕེལ་རྒྱས་ཀྱི་ཁེ་ཕན་མཉམ་སྤྱོད་བྱས་ནས། གླིང་ཕྲན་རྒྱལ་ཁབ་ཀྱི་མི་དམངས་ལ་བདེ་སྐྱིད་ངོ་མ་བསྐྲུན་རྒྱུ་ཡིན་ཟེར།
མའོ་ཉིང་གིས་བཤད་རྒྱུར། ཝ་ནུ་ཨ་ཐུའུ་ཕྱོགས་ཀྱིས་སྤེལ་བའི་གསལ་བསྒྲགས་ཀྱིས་ཀྲུང་གོས་ལྷག་བསམ་རྣམ་དག་གིས་གླིང་ཕྲན་རྒྱལ་ཁབ་ཀྱི་འཕེལ་རྒྱས་རོགས་རམ་བྱེད་པ་དང་། ཀྲུང་གོར་གླིང་ཕྲན་རྒྱལ་ཁབ་ཀྱི་སྲིད་གཞུང་དང་མི་དམངས་ཀྱིས་སྙིང་ཐག་པ་ནས་དགའ་བསུ་ཞུ་བ་གསལ་བོར་བསྟན་ཡོད། ཀྲུང་གོས་མུ་མཐུད་དུ་དྲང་གཞག་དང་ཟོལ་མེད་ཀྱི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གོ་དང་ཝ་ནུ་ཨ་ཐུའུ་ཡི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་རྒྱུན་མ་ཆད་པར་ཆུ་ཚད་གསར་པར་སླེབས་པར་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་བདེ་སྐྱིད་བསྐྲུན་རྒྱུ་ཡིན་ཟེར།