ཨུ་རུ་སིས་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་ཨུ་རུ་སིའི་རྡོ་སྣུམ་རིན་གོང་ལ་ཚོད་འཛིན་བྱེད་པའི་བྱ་སྤྱོད་ཐད་ཞིབ་ཕྲའི་བྱེད་ཐབས་གཏན་འབེབ་བྱས།
2023.01.31 ཁུངས། ཀློག་གྲངས། 37

ཨུ་རུ་སིའི་ཁྲིམས་ལུགས་ཆ་འཕྲིན་དྲ་རྒྱ་ལས་ཚེས་སུམ་ཅུ་ཉིན་ཁྲིམས་ལུགས་ཡིག་ཆ་ཞིག་སྤེལ་ནས། ཙུང་ཐུང་ཕུའུ་ཅིན་གྱིས་ཉེ་སྔོན་མཆན་འགོད་བྱས་པའི་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་ཨ་རུ་སིའི་རྡོ་སྣུམ་དང་རྡོ་སྣུམ་ཐོན་རྫས་རིན་གོང་ལ་ཚོད་འཛིན་བྱས་པ་དེར་ཁ་གཏད་འཇལ་བའི་བཀའ་རྒྱ་ཇི་ལྟར་དོན་འཁྱོལ་བྱེད་པའི་ནང་དོན་བཀོད་འདུག  

ཨུ་རུ་སིའི་ཙུང་ལི་མུས་ཧྲུའུ་སི་ཅིན་གྱིས་ཚེས་ཉེར་བརྒྱད་ཉིན་མིང་རྟགས་བཀོད་པའི་བཀའ་རྒྱ་དེ་ལྟར་ན། ཨུ་རུ་སིའི་ནུས་ཁུངས་པུའུ་དང་ནོར་སྲིད་པུའུ་གཉིས་ཀྱིས་གྲོས་ཆོད་བཀོད་ནས། ཟླ་གསུམ་པའི་ཚེས་གཅིག་ཉིན་གྱི་སྔོན་ལ་ཨུ་རུ་སིའི་རྡོ་སྣུམ་རིན་གོང་ལྟ་སྐུལ་གོ་རིམ་ལ་ཆོག་མཆན་འགོད་རྒྱུ་གཏན་ཁེལ་བྱས། དེ་ལས་གཞན། རྡོ་སྣུམ་དང་རྡོ་སྣུམ་ཐོན་རྫས་ཕྱིར་འཚོང་བྱེད་པའི་མི་སྒེར་དང་ཁྲིམས་འཛིན་མི་སྣར་མཁོ་འདོན་འབྲེལ་ཐག་བརྒྱུད་དེ་རིན་གོང་ལ་ཚོད་འཛིན་བྱས་པའི་བྱ་སྤྱོད་ལྡན་མིན་ཐད་ལྟ་སྐུལ་ཚོད་འཛིན་བྱེད་པའི་འོས་འགན་ཡོད། གལ་ཏེ་དེའི་རིགས་ཀྱི་བྱ་སྤྱོད་ལྡན་ཚེ། ངེས་པར་དུ་གཏན་འཁེལ་གྱི་དུས་ཚོད་ནང་དུ་ཨུ་རུ་སིའི་སྒོ་ཁྲལ་ལས་ཁུངས་དང་ནུས་ཁུངས་པུའུ་ལ་ཡར་ཞུ་བྱེད་དགོས། ཨུ་རུ་སིའི་སྒོ་ཁྲལ་ལས་ཁུངས་ཀྱིས་གནས་ཚུལ་དངོས་ལ་ཞིབ་བཤེར་བྱས་རྗེས། དོན་དངོས་ཡིན་ཚེ་དོན་དག་དེ་ཐག་གཅོད་བྱེད་པའི་བར་དུ་ཕྱིར་གཏོང་བྱེད་མཚམས་འཇོག་རྒྱུ་ཡིན་ཟེར། 

སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།