ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་པུའུ་ལིན་ཁིན་གྱིས་ཚེས་སུམ་ཅུ་ཉིན་ཡེ་ལུའུ་ས་ལུན་ནས་ཕ་ལེ་སི་ཐན་དང་དབྱི་སི་རལ་ཕྱོགས་གཉིས་ཀྱིས་བྲེལ་མྱུར་བྱེད་ཐབས་སྤྱད་དེ་ཛ་དྲག་གི་ཇེ་ལམ་གྱི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་དགོས་པར་མ་ཟད། ཨ་མེ་རི་ཁས་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནད་དོན་ཐག་གཅོད་པའི་རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་ཞེས་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པ་བསྐྱར་བསྒྲགས་བྱས།
པུའུ་ལིན་ཁིན་གྱིས་ཉིན་དེར་ཡེ་ལུའུ་ས་ལུན་ནས་དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་དང་གྲོས་མོལ་བྱས། པུའུ་ལིན་ཁིན་གྱིས་དེའི་རྗེས་སུ་བསྡུས་པའི་མཉམ་འབྲེལ་གྱི་གསར་འགོད་པའི་ཚོགས་འདུའི་སྟེང་བཤད་རྒྱུར། ཕ་ལེ་སི་ཐན་དང་དབྱི་སི་རལ་ཕྱོགས་གཉིས་ཀྱིས་བྲེལ་མྱུར་བྱེད་ཐབས་སྤྱད་དེ་ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་དགོས་པ་དང་། ཕ་ལེ་སི་ཐན་དང་དབྱི་སི་རལ་ཕྱོགས་གཉི་གར་བདེ་འཇགས་ཀྱི་ཁོར་ཡུག་ཅིག་འབད་པས་བསྐྲུན་དགོས། ཨ་མེ་རི་ཁའི་སྲིད་གཞུང་གིས་རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་ཞེས་པར་གྲོས་འཆམ་བྱུང་ནས་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནད་དོན་ཐག་གཅོད་པར་རྒྱབ་སྐྱོར་བྱེད་པ་ཡིན་ལ། རང་བཙན་གྱི་ཕ་ལེ་སི་ཐན་རྒྱལ་ཁབ་འཛུགས་པ་ནི་ལམ་ཡང་དག་ཅིག་ཡིན་ཟེར།
ནེ་ཐ་ཉི་ཡ་ཧུའུ་ཡིས་གསར་འགོད་པའི་ཚོགས་འདུའི་སྟེང་བསྟན་དོན། པུའུ་ལིན་ཁིན་དང་ཁོ་གཉིས་ཀྱིས་དབྱི་ལང་གིས་ས་ཁུལ་ལ་བཟོས་པའི་འཇིགས་སྣང་སྐོར་ནས་གྲོས་སྡུར་བྱས་པ་ཡིན་ལ། དབྱི་སི་རལ་གྱིས་ནུས་ཤུགས་ཡོད་ཚད་བཏོན་ནས་དབྱི་ལང་ལ་ཉིང་རྡུལ་མཚོན་ཆ་ཐོབ་པར་བཀག་འགོག་བྱེད་པ་བསྐྱར་བསྒྲགས་བྱས་པ་ཡིན། དབྱི་སི་རལ་གྱིས་ཨ་རབ་རྒྱལ་ཁབ་བར་གྱི་འབྲེལ་བ་རྒྱུན་ལྡན་ཅན་དུ་གཏོང་བའི་འཕེལ་རིམ་ལ་མུ་མཐུད་དུ་སྐུལ་འདེད་གཏོང་འདོད་ཡོད་ཟེར། ལུའུ་ལིན་ཁིན་གྱིས་ཨ་མེ་རི་ཁས་དབྱི་སི་རལ་གྱིས་ཨ་རབ་རྒྱལ་ཁབ་སྔར་ལས་མང་བོའི་བར་དུ་འབྲེལ་བ་རྒྱུན་ལྡན་ཅན་གྱི་གྲོས་ཆོད་འགོད་པར་རྒྱབ་སྐྱོར་བྱེད་པ་ཡིན་མོད། འོན་ཀྱང་དེས་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནད་དོན་ཐག་གཅོད་པར་སྐུལ་འདེད་གཏོང་བ་དེའི་ཚབ་བྱེད་མི་ཐུབ་ཅེས་བཤད།
པུའུ་ལིན་ཁིན་ནི་ཚེས་སུམ་ཅུ་ཉིན་དབྱི་སི་རལ་དུ་ཐོན་པ་དང་། ཚེས་སོ་གཅིག་ཉིན་ཅོར་ཏན་གཙང་བོའི་ནུབ་འགྲམ་དུ་སོང་ནས་ཕ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པ་སི་དང་ཐུག་འཕྲད་བྱེད་རྒྱུ་རེད། དེའི་སྔོན་ལ་ཁོས་ད་དུང་ཨེ་ཅིབ་ལ་འཚམས་འདྲི་བྱས་པར་མ་ཟད་ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཞི་དང་གྲོས་མོལ་བྱས།
ཕ་ལེ་སི་ཐན་དང་དབྱི་སི་རལ་ས་ཁུལ་གྱི་ཛ་དྲག་གི་གནས་བབ་ཉེ་ལམ་ཚབས་ཇེ་ཆེར་སོང་། ཚེས་ཉེར་དྲུག་ཉིན་ཕ་ལེ་སི་ཐན་པ་དགུ་ཅེ་ཉིང་གི་ཡུལ་གྱར་བའི་སྒར་ས་ནས་དབྱི་སི་རལ་གྱི་དམག་གིས་མེ་མདས་བརྒྱབ་སྟེ་བསད། ཚེས་ཉེར་བདུན་ཉིན་གྱི་ཞོགས་པར། མེ་ཤུགས་འཕུར་མདའ་འགའ་ཅ་ཧྲ་ས་ཁུལ་ཕྱོགས་ནས་དབྱི་སི་རལ་གྱི་ཕྱོགས་སུ་འཕངས་པ་དང་། དབྱི་སི་རལ་གྱི་དམག་གིས་འཐབ་འཛིང་གནམ་གྲུ་མངགས་ནས་ཕ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་ལས་འགུལ་ཧ་མ་སིའི་ཅ་ཧྲ་ས་ཁུལ་གྱི་དམིགས་འབེན་འགས་གཏོར་བཏང་། ཚེས་ཉེར་བདུན་ཉིན་གྱི་དགོང་མོར། ཕ་ལེ་སི་ཐན་པ་ཞིག་གིས་ཡེ་ལུའུ་ས་ལུན་ཤར་མའི་ཡ་ཧུ་ད་པའི་གཏན་སྡོད་བྱེད་ས་ཞིག་ནས་མེ་མདས་བརྒྱབ་སྟེ་མི་བདུན་བསད། ཕ་ལེ་སི་ཐན་ཕྱོགས་ཀྱིས་དབྱི་སི་རལ་བར་དུ་བདེ་འཇགས་ཁྱབ་ཁོངས་ནས་མཉམ་ལས་བྱེད་མཚམས་བཞག་པ་ཁྱབ་བསྒྲགས་བྱས་པ་དང་། དབྱི་སི་རལ་ཕྱོགས་ཀྱིས་ཀྱང་ཕ་ལེ་སི་ཐན་པར་ཆད་པ་གཅོད་པ་དང་རྒོལ་ལན་སྤྲོད་པའི་བྱེད་ཐབས་རབ་དང་རིམ་པ་ཁྱབ་བསྒྲགས་བྱས།