འཇར་མན་གྱིས་མ་དངུལ་འདོན་སྤྲོད་བྱས་ཏེ་པ་ཞི་ཡི་ཁོར་ཡུག་སྲུང་སྐྱོབ་ལ་རྒྱབ་སྐྱོར་བྱེད་རྒྱུ་ཁས་ལེན་བྱས།
2023.02.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 23

པ་ཞི་ཙུང་ཐུང་ལུའུ་ལ་ཡིས་ཚེས་སུམ་ཅུ་ཉིན་རྒྱལ་ས་པ་ཞི་ལིས་ཡ་རུ་ཡོད་པའི་ཙུང་ཐུང་བཞུགས་ཤག་ནས་འཚམས་འདྲིར་ཡོང་བའི་འཇར་མན་གྱི་ཙུའུ་ལི་སུའུ་ཨར་ཚི་ལ་ཐུག་འཕྲད་བྱས་པ་དང་།  ཕྱོགས་གཉིས་ཀྱིས་གཙོ་བོར་ཁོར་ཡུག་སྲུང་སྐྱོབ་སོགས་གྲོས་དོན་ལ་གྲོས་བསྡུར་བྱས།    འཇར་མན་གྱིས་ཡོ་སྒོར་དུར་ཕྱུར་གཉིས་ལྷག་བཏང་སྟེ་པ་ཞི་ཡི་ཁོར་ཡུག་སྲུང་སྐྱོབ་འགུལ་སྐྱོད་ལ་རྒྱབ་སྐྱོར་བྱེད་ངེས་ཡིན་པའི་ཚུལ་བསྟན།

ཕྱོགས་གཉིས་ཀྱིས་ཉིན་དེར་སྤེལ་བའི་མཉམ་འབྲེལ་གསལ་བསྒྲགས་ལྟར་ན།    འཇར་མན་གྱིས་འདོན་སྤྲོད་བྱས་པའི་མ་དངུལ་དེ་དག་རྣམ་པ་མང་པོ་བརྒྱུད་དེ་རིགས་མི་འདྲ་བའི་ཁོར་ཡུག་སྲུང་སྐྱོབ་ལས་གཞིའི་ཐད་བཀོལ་རྒྱུ་ཡིན་ལ།    ཡ་མ་ཞོན་ཐེབས་རྩ་དང་ཡ་མ་ཞོན་ས་ཁུལ་གྱི་མངའ་སྡེ་སོ་སོའི་ནགས་ཚལ་སྲུང་སྐྱོབ།   ཞན་འགྱུར་ས་ཁུལ་དུ་ཡང་བསྐྱར་སྡོང་འཛུགས་ནགས་སྐྲུན་བྱེད་པ། ཁེ་ལས་འབྲིང་ཆུང་གི་ནུས་ཁུངས་གསར་པའི་ལས་ཕྱོད་འགན་སྲུང་ཐེབས་རྩ།   བཟོ་ལས་དང་སྐྱེལ་འདྲེན་སྡེ་ཁག་གིས་ཡང་བསྐྱར་བེད་སྤྱོད་བྱས་ཆོག་པའི་ནུས་ཁུངས་ཁྱབ་གདལ་དུ་གཏོང་བ་སོགས་དང་འབྲེལ་ཡོད།    སུའུ་ཨར་ཚི་ཡིས་ཐུག་འཕྲད་བྱས་རྗེས་མཉམ་འབྲེལ་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན།   པ་ཞི་ཡིས་འཛམ་གླིང་ཡོངས་ཀྱི་སྐྱེ་ཁམས་ཚུལ་སྒྱུར་ཁྲོད་བྱེད་ནུས་གལ་ཆེན་འདོན་སྤེལ་བྱས་ཆོག

ཝུའུ་ཁི་ལན་གྱི་ཉམས་ཉེན་སྐོར་གླེང་སྐབས།    ལུའུ་ལ་ཡིས་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན།    པ་ཞི་ཡིས་མཚོན་ཆ་དང་འགལ་རྫས་འདོན་སྤྲོད་མི་བྱེད་པའི་ཐག་བཅད་ཡོད།   པ་ཞི་ནི་ཞི་བདེའི་རྒྱལ་ཁབ་ཅིག་ཡིན་པས།  འགལ་བའི་ཁྲོད་ཞུགས་མི་འདོད།   ཁོས་ད་རུང་རྒྱལ་ཁབ་མང་པོའི་གླེང་སྟེགས་བཙུགས་ཏེ་ཨུ་རུ་སུ་དང་ཝུའུ་ཁི་ལན་གྱི་གནད་དོན་ཐད་གྲོས་མོལ་བྱེད་པར་སྐུལ་འདེད་གཏོང་དགོས་པའི་གྲོས་གཞི་བཏོན།

དེ་མིན།  རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ད་རུང་ལྷོ་ཕྱོགས་ཀྱི་ཐུན་མོང་གི་ཁྲོམ་ར་དང་ཡོ་རོབ་གླིང་མནའ་འབྲེལ་གྱིས་བཀོད་པའི་རང་མོས་ཉོ་ཚོང་གྲོས་མཐུན་ལ་མྱུར་དུ་ཆོག་མཆན་འགོད་པར་འཐད་པ་ཡིན་པའི་ཚུལ་བསྟན།

                                                                                                 ལྷ་མོ་ཚེ་རིང་གིས་བསྒྱུར།