འབར་མའི་རྒྱལ་སྲུང་དང་བདེ་འཇགས་ཨུ་ཡོན་ལྷན་ཁང་གིས་ཚེས་གཅིག་ཉིན་སྤྱི་བསྒྲགས་སྤེལ་ནས་བཤད་རྒྱུར། རྒྱལ་ཁབ་སྔར་བཞིན་རྒྱུན་ལྡན་མིན་པའི་རྣམ་པར་གནས་པའི་རྒྱུ་རྐྱེན་ལ་དམིགས་ཏེ། འབར་མའི་རྒྱལ་སྲུང་དང་བདེ་འཇགས་ཨུ་ཡོན་ལྷན་ཁང་གིས་ད་ལྟ་སྤྱོད་བཞིན་པའི་རྩ་ཁྲིམས་ཀྱི་འབྲེལ་ཡོད་དོན་ཚན་གཞིར་བཟུང་སྟེ། ཉིན་དེ་ནས་བཟུང་རྒྱལ་ཡོངས་ཀྱི་བྲེལ་མྱུར་རྣམ་པ་ཡང་བསྐྱར་ཟླ་དྲུག་གིས་ཇེ་རིང་དུ་གཏོང་རྒྱུ་ཐག་བཅད།
འབར་མའི་རྒྱལ་ཁབ་བརྙན་འཕྲིན་ཁང་གིས་ཚེས་གཅིག་ཉིན་བསྒྲགས་པ་ལྟར་ན། འབར་མའི་གནས་སྐབས་ཙུང་ཐུང་མེན་རུའེ་ཡིས་ཉིན་གཅིག་གི་སྔོན་ལ་སྤེལ་བའི་རྒྱལ་སྲུང་དང་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སྟེང་། རྩ་ཁྲིམས་ཀྱི་འབྲེལ་ཡོད་དོན་ཚན་ལྟར། རྒྱལ་ཁབ་ཀྱི་འགན་འཁྲི་ཁག་སྔར་བཞིན་རྒྱལ་ཁབ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་དང་རྒྱལ་སྲུང་དམག་གི་སྤྱི་ཁྱབ་དམག་སྤྱི་ལ་སྤྲོད་རྒྱུ་ཁྱབ་བསྒྲགས་བྱས།
འབར་མའི་རྒྱལ་ཁབ་དོ་དམ་ཨུ་ཡོན་ལྷན་ཁང་གིས་ཚེས་གཅིག་ཉིན་གྱི་དགོང་མོར་བཀའ་ཁྱབ་བསྒྲགས་བྱས་ཏེ། མེན་ཨང་ལེ་ཡིས་མུ་མཐུད་དུ་རྒྱལ་ཁབ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་དང་རྒྱལ་ཁབ་ཀྱི་ཙུང་ལིའི་འགན་འཁུར་བ་དང་། རྒྱལ་ཁབ་དོ་དམ་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་བློ་འདྲི་སྡེ་ཁག་འཛུགས་སྐྲུན་བྱ་རྒྱུ་བྱས། འབར་མའི་རྒྱལ་ཁབ་དོ་དམ་ཨུ་ཡོན་ལྷན་ཁང་གིས་ཉིན་དེར་ད་རུང་ཀྲུང་དབྱང་དང་ས་གནས་སྲིད་གཞུང་སྡེ་ཁག་དང་འབྲེལ་ཡོད་མི་དོན་བསྐོ་འཐེན་གྲོས་གཞི་མང་པོ་ཁྱབ་བསྒྲགས་བྱས།
ལྷ་མོ་ཚེ་རིང་གིས་བསྒྱུར།