ཐུར་ཁེ་ཡིས་ཧྥིན་ལན་བྱང་ཆིངས་རྩ་འཛུགས་སུ་ཞུགས་པར་རྣམ་འགྱུར་བཟང་བོ་འཛིན་པའི་ཚུལ་བསྟན།
2023.02.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 20

ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏོ་ཨན་གྱིས་ཚེས་གཅིག་ཉིན་བཤད་རྒྱུར།   ཐུར་ཁེ་ཡིས་ཧྥིན་ལན་བྱང་ཆིངས་རྩ་འཛུགས་སུ་ཞུགས་པའི་ཐད་རྣམ་འགྱུར་བཟང་བོ་བཟུང་ཡོད་ཟེར།

ཨེ་ཨར་ཏོ་ཨན་གྱིས་ཉིན་དེར་གྲོས་ཁང་ནས་གཏམ་བཤད་སྤེལ་ཏེ་བཤད་རྒྱུར།   བྱང་ཆིངས་རྩ་འཛུགས་སུ་ཞུགས་པའི་གནད་དོན་ཐད་ཐུར་ཁེ་ཡིས་ཧྥིན་ལན་ལ་རྣམ་འགྱུར་བཟང་བོ་བཟུང་ཡོད་མོད།    འོན་ཀྱང་སུའེ་ཏེན་ལ་དེ་ལྟ་བུའི་རྣམ་འགྱུར་བཟུང་མེད་ཟེར།

ཨེ་ཨར་ཏོ་ཨན་གྱིས་ཟླ་དང་པོའི་ཚེས་ཉེར་དགུ་ཉིན་ཐུར་ཁེ་ཡིས་ཧྥིན་ལན་དང་སུའེ་ཏེན་བྱང་ཆིངས་རྩ་འཛུགས་སུ་ཞུགས་པའི་གནད་དོན་ལ་སྤྱོད་ཚུལ་མི་འདྲ་བ་འཛིན་ངེས་ཡིན་ཞེས་བཤད་མྱོང་།    ཐུར་ཁེའི་ཕྱི་འབྲེལ་དཔོན་ཆ་ཝུའུ་ཧྲིན་ཨོ་ལུའུ་དེའི་རྗེས་སུ། ཁོ་དང་ཧྥིན་ལན་ཕྱོགས་ཀྱིས་བྱང་ཆིངས་རྩ་འཛུགས་སུ་ཞུགས་པའི་གནད་དོན་ལ་གྲོས་མོལ་བྱས་ཟིན།    ཧྥིན་ལན་གྱིས་གནད་དོན་དེའི་ཐད་གྲུབ་འབྲས་ཅུང་ཟད་བླངས་ཡོད་མོད།  འོན་ཀྱང་སུའེ་ཏེན་དུ་སྙད་རྐོ་རང་བཞིན་གྱི་དོན་རྐྱེན་ཁ་ཤས་བྱུང་ཟེར།

ཉེ་ལམ།  སུའེ་ཏེན་དུ་ཐུར་ཁེ་ལ་ངོ་རྒོལ་བྱེད་པའི་རྔམ་སྟོན་བྱ་འགུལ་སྤེལ། ཐུར་ཁེ་ཡིས་སུའེ་ཏེན་གྱི་ཐུར་ཁེ་རུ་སྡོད་པའི་གཞུང་ཚབ་ཆེན་མོར་བརྡ་ཡིག་བཏང་སྟེ་རྔམ་སྟོན་བྱ་འགུལ་ཐད་རྒོལ་གཏམ་བཏང་བར་མ་ཟད།   སུའེ་ཏེན་གྱི་རྒྱལ་སྲུང་པུའུ་ཀྲང་གིས་ཐུར་ཁེར་འཚམས་འདྲི་བྱེད་པའི་འཆར་གཞི་མེད་པར་བཟོས།

སུའེ་ཏེན་དང་ཧྥིན་ལན་གཉིས་ཀྱིས་ཉིས་སྟོང་ཉེར་གཉིས་ལོའི་ཟླ་ལྔ་བར་བྱང་ཆིངས་རྩ་འཛུགས་སུ་ཞུགས་པར་རེ་ཞུ་བྱས།   ལོ་དེའི་ཟླ་དྲུག་པར།  ཐུར་ཁེ་དང་སུའེ་ཏེན།  ཧྥིན་ལན་བཅས་ཀྱིས་བརྗེད་ཐོ་བཀོད་ཏེ་ཐུར་ཁེས་སུའེ་ཏེན་དང་ཧྥིན་ལན་བྱང་ཆིངས་རྩ་འཛུགས་སུ་ཞུགས་པར་རྒྱབ་སྐྱོར་བྱ་རྒྱུའི་མོས་མཐུན་བྱུང་བ་དང་།   སུའེ་ཏེན་དང་ཧྥིན་ལན་གྱིས་ཁུའུ་ཨར་ཏི་བཟོ་བའི་ཏང་དང་སི་རི་ཡའི་ཁུའུ་ཨར་ཏི་དྲག་ཆས་པའི་མི་དམངས་སྲུང་སྐྱོབ་དམག་དཔུང་སོགས་ལ་རྒྱབ་སྐྱོར་མི་བྱེད་པ།  ཐུར་ཁེ་ལ་རྒྱལ་སྲུང་སྒྲིག་ཆས་ཕྱིར་གཏོང་བྱེད་རྒྱུའི་ཚོད་འཛིན་མེད་པར་བཟོ་བ་བཅས་གཏན་འབེབས་བྱས།

སྒྲིག་སྲོལ་ལྟར་ན།   བྱང་ཆིངས་རྩ་འཛུགས་ཀྱིས་ངེས་པར་དུ་ཁོངས་གཏོགས་རྒྱལ་ཁབ་སུམ་ཅུ་གཅིག་གྱུར་འཐད་པ་བྱུང་བའི་སྔོན་འགྲོའི་འོག་ཏུ་ད་གཟོད་ཁོངས་གཏོགས་རྒྱལ་ཁབ་གསར་པ་བསྡུ་ལེན་བྱས་ཆོག   མིག་སྔར།   ཐུར་ཁེ་དང་ཧང་ཀ་རི་གཉིས་ཀས་སུའེ་ཏེན་དང་ཧྥིན་ལན་བྱང་ཆིངས་རྩ་འཛུགས་སུ་ཞུགས་པར་དངོས་སུ་ཆོག་མཆན་བཀོད་མེད།

                                                                                                    ལྷ་མོ་ཚེ་རིང་གིས་བསྒྱུར།