དབྱི་སི་རལ་དམག་ཕྱོགས་ཀྱིས་ཅ་ཧྲ་ས་ཁུལ་ནས་འཕངས་པའི་མེ་ཤུགས་འཕུར་མདའ་གཅིག་བཀག
2023.02.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 26

དབྱི་སི་རལ་རྒྱལ་སྲུང་དམག་གིས་ཚེས་གཅིག་ཉིན་བཤད་རྒྱུར།   འགོག་སྲུང་མ་ལག་གིས་ཅ་ཧྲ་ས་ཁུལ་ནས་འཕངས་པའི་མེ་ཤུགས་འཕུར་མདའ་ཞིག་བཀག  མིག་སྔར་ད་རུང་མི་སྣ་ཤི་རྨས་ཀྱི་སྙན་ཞུ་བསྒྲགས་མེད།

དབྱི་སི་རལ་ལྷོ་ཕྱོགས་ཀྱི་ཅ་ཧྲ་ས་ཁུལ་དང་ཉེ་བའི་མཁར་གྲོང་འགའ་རུ་ཚེས་གཅིག་ཉིན་ཀྱི་ཉིན་གུང་འགོག་སྲུང་ཉེན་བརྡ་གྲགས་པ་དང་།    རྒྱལ་སྲུང་དམག་གིས་དེའི་རྗེས་སུ་འགོག་སྲུང་མ་ལག་གིས་ཅ་ཧྲ་ས་ཁུལ་ནས་འཕངས་པའི་མེ་ཤུགས་འཕུར་མདའ་གཅིག་བཀག་པར་ངོས་འཛིན་བྱས།

དེ་ནི་དབྱི་སི་རལ་གྱིས་གཟའ་འཁོར་གཅིག་གི་ནང་ཅ་ཧྲ་ས་ཁུལ་ནས་འཕངས་པའི་མེ་ཤུགས་འཕུར་མདའ་བཀག་ཐེངས་གཉིས་པ་རེད།   རྒྱལ་སྲུང་དམག་གིས་ཟླ་དང་པོའི་ཚེས་ཉེར་བདུན་ཉིན་གྱི་ཞོགས་པར་བཤད་རྒྱུར།   རྒྱལ་སྲུང་མ་ལག་དེས་ཅ་ཧྲ་ས་ཁུལ་ནས་འཕངས་པའི་མེ་ཤུགས་འཕུར་མདའ་གཉིས་བཀག་ཟེར།

ཕ་ལེ་སི་ཐན་དང་དབྱི་སི་རལ་ས་ཁུལ་གྱི་ཛ་དྲག་གི་གནས་བབ་ཉེ་ལམ་ཇེ་སྡུག་ཏུ་སོང་།  ཟླ་དང་པོའི་ཚེས་ཉེར་དྲུག་ཉིན། ཕ་ལེ་སི་ཐན་པ་དགུ་ཅེ་ཉིང་ཡུལ་གྱར་བའི་སྒར་ས་རུ་དབྱི་སི་རལ་གྱི་དམག་གིས་མེ་མདས་བརྒྱབ་སྟེ་བསད།   ཚེས་ཉེར་བདུན་ཉིན་གྱི་ཞོགས་པར།   མེ་ཤུགས་འཕུར་མདའ་འགའ་ཅ་ཧྲ་ས་ཁུལ་ནས་དབྱི་སི་རལ་གྱི་ཕྱོགས་སུ་འཕངས་བ་དང་།   དབྱི་སི་རལ་གྱི་དམག་གིས་འཐབ་འཛིང་གནམ་གྲུ་མངགས་སྟེ་ཕ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མ་སིའི་ཅ་ཧྲ་ས་ཁུལ་གྱི་དམིགས་འབེན་འགས་འགོར་བཏང་།   ཚེས་ཉེར་བདུན་ཉིན་གྱི་དགོང་མོར།   ཕ་ལེ་སི་ཐན་པ་ཞིག་གིས་ཡེ་ལུའུ་ས་ལེམ་ཤར་མའི་ཡེའུ་ཐེ་བའི་གཏད་སྡོད་ས་ཁུལ་དུ་མེ་མདས་བརྒྱབ་སྟེ་མི་བདུན་བསད།   ཕ་ལེ་སི་ཐན་ཕྱོགས་ཀྱིས་དབྱི་སི་རལ་ཕྱོགས་དང་བདེ་འཇགས་ཁྱབ་ཁོངས་ཀྱི་མཉམ་ལས་བྱེད་མཚམས་འཇོག་རྒྱུ་ཁྱབ་བསྒྲགས་བྱས་པ་དང་།    དབྱི་སི་རལ་གྱིས་ཀྱང་ཕ་ལེ་སི་ཐན་པར་དམིགས་པའི་ཆད་གཅོད་དང་ལྡོག་བཅུན་བྱེད་ཐབས་རབ་དང་རིམ་པ་ཁྱབ་བསྒྲགས་བྱས།

                                                                                                               ལྷ་མོ་ཚེ་རིང་གིས་བསྒྱུར།