ཟླ་གཉིས་པའི་ཚེས་གཉིས་ཉིན། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཀྲུང་གོའི་འཐུས་ཚབ་གཞོན་པ་ཏའེ་པེན་གྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མུ་མཐུད་དུ་དབྱི་རག་གི་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་བྱེད་པར་རྒྱབ་སྐྱོར་བྱས་ཏེ་དབྱི་སི་ལན་རྒྱལ་ཁབ་སོགས་འཇིགས་སྐུལ་ཐལ་སྤྱོད་སྟོབས་ཤུགས་མེད་པར་བཟོ་དགོས་པ་དང་། འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་བྱེད་པའི་ཐོབ་དཀའ་བའི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས་པའི་འབོད་སྐུལ་བཏང་།
ཏའེ་པེན་གྱིས་ཉིན་དེར་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་དབྱི་རག་གནད་དོན་ཐད་ཀྱི་ཡོངས་བསྒྲགས་ཚོགས་འདུའི་སྟེང་བསྟན་དོན། མིག་སྔར། དབྱི་རག་གི་བདེ་འཇགས་གནས་བབ་སྔར་བཞིན་ཛ་དྲག་ཡིན་པ་དང་། འཇིགས་སྐུལ་རིང་ལུགས་ཀྱི་ལྷག་འཕྲོའི་སྟོབས་ཤུགས་ཀྱིས་སྔར་བཞིན་དོ་མཉམ་མིན་པའི་འཇབ་རྒོལ་བྱས་ཏེ་མི་སེར་དཀྱུས་མ་སོགས་མི་སྣར་ཤི་རྨས་བཟོ་བཞིན་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབྱི་སི་ལན་རྒྱལ་ཁབ་ཀྱིས་དབྱི་རག་ཏུ་ནག་ཉེས་བཟོས་པའི་བདེན་དཔང་བསྡུ་རུབ་བྱེད་པའི་ཞིབ་བཤེར་ཚན་ཆུང་གིས་མྱུར་དུ་དབྱི་རག་ལ་གཅིག་བསྡུས་བསྡུ་རུབ་བྱས་པའི་བདེན་དཔང་སྤྲད་དེ་དབྱི་རག་གིས་རྒྱལ་ཁབ་རང་གི་བཅའ་ཁྲིམས་ལྟར་འཇིགས་སྐུལ་རིང་ལུགས་ཁྲིམས་ལ་སྦྱོར་བར་རོགས་འདེགས་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་དབྱི་རག་གིས་སི་རི་ཡའི་ཧོ་ཨར་སྒར་ས་རུ་དབྱི་རག་གི་སྤྱི་དམངས་ཕྱིར་སྐྱེལ་དང་བཀོད་སྒྲིག་བྱ་བར་མུ་མཐུད་དུ་སྐུལ་འདེད་གཏོང་བར་དགའ་བསུ་ཞུ་བཞིན་ཡོད་ལ། འབྲེལ་ཡོད་རྒྱལ་ཁབ་ཀྱིས་དབྱི་རག་དང་འདྲ་བར་འགན་ཡག་པོ་ཁུར་ནས་དབྱི་རག་ཏུ་ཡོད་པའི་ཕྱི་རྒྱལ་གྱི་འཇིགས་སྐུལ་རིང་ལུགས་པ་དང་ཁྱིམ་མི་ཤན་འབྱེད་དང་ཕྱིར་སྐྱེལ་བྱེད་དགོས་པའི་སྐུལ་མ་བཏང་བ་ཡིན་ཟེར།
ཏའེ་པེན་གྱིས་བཤད་རྒྱུར། དབྱི་རག་གི་ཞི་བདེ་དེ་གཏན་འཇགས་ཀྱི་ས་ཁུལ་ཁོར་ཡུག་དང་ཁ་འབྲལ་ཐབས་མེད། ཀྲུང་གོ་ཕྱོགས་ཀྱིས་ཐེངས་མང་པོར་དབྱི་རག་ནི་ས་ཁུལ་འབྲེལ་བའི་འགྲན་རྩོད་བྱེད་ས་མིན་ཞེས་ནན་གྱིས་བསྟན་མྱོང་། ཀྲུང་གོ་ཕྱོགས་ཀྱིས་དབྱི་རག་རྒྱལ་ཁབ་དང་མཉམ་དུ་ཁྱིམ་མཚེས་མཛའ་མཐུན་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱས་ཏེ་ཁུལ་ཁོངས་བརྒལ་བའི་འགྲན་རྩོད་ལ་མཉམ་དུ་ཁ་གཏད་འཇལ་ངེས་ཡིན། ཀྲུང་གོ་ཕྱོགས་ཀྱིས་འབྲེལ་ཡོད་ཕྱོགས་སོ་སོས་དབྱི་རག་གི་བདག་དབང་དང་སྒེར་ཚུགས། མངའ་ཁོངས་ཆ་ཚང་ཡོང་བ་བཅས་ལ་བརྩི་འཇོག་བྱེད་པ་དང་། དབྱི་རག་སྲིད་གཞུང་དང་མཉམ་དུ་མཉམ་ལས་བྱེད་པའི་བྱེད་ཐབས་བརྒྱུད་དེ་རང་སྟེང་གི་བདེ་འཇགས་གནད་དོན་ཐག་གཅོད་དགོས་པའི་འབོད་སྐུལ་བཏང་བ་ཡིན་ཟེར།
ཏའེ་པེན་གྱིས་བཤད་རྒྱུར། འདས་པའི་ལོ་བཅུའི་རིང་ལ། དབྱི་རག་ལ་དམག་འཁྲུག་གི་རྡབ་གསིག་ཐེབས་ཏེ་མི་དམངས་ཀྱིས་སྡུག་བསྔལ་ཚད་མེད་མྱངས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དབྱི་རག་ལ་རོགས་སྐྱོར་བྱས་ཏེ་རྨང་གཞིའི་སྒྲིག་ཆས་བསྐྱར་འཛུགས་དང་མགྱོགས་མྱུར་གྱིས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བ། དམངས་ཚིས་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་འོས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབྱི་རག་རོགས་སྐྱོར་ཚོགས་པ་སོགས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབྱི་རག་དུ་ཡོད་པའི་སྡེ་ཁག་གིས་ཐོན་ཁུངས་དང་སེམས་ཤུགས་སྔར་ལས་མང་པོ་དབྱི་རག་མི་དམངས་ལ་ཆེས་དགོས་མཁོ་ཆེ་བའི་ཁྱབ་ཁོངས་སུ་འཇོག་པ་དང་། དབང་སྤྲོད་དང་ཕན་ཚུན་ལས་བགོས་ལྟར་བྱ་བ་སྤེལ་ཏེ་རྒྱལ་ཁབ་བྱ་བའི་རུ་ཁག་གི་བྱེད་ནུས་འདོན་སྤེལ་བཟང་བོ་བྱེད་དགོས། ད་ལོ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབྱི་རག་རོགས་སྐྱོར་ཚོགས་པ་བཙུགས་ཏེ་ལོ་ཉི་ཤུ་འགོར་བའི་ལོ་ཡིན་པ་དང་། དེ་གོ་སྐབས་སུ་བྱས་ཏེ་དབྱི་རག་གི་བསམ་འཆར་བསྡུ་ལེན་བྱེད་པའི་རྨང་གཞིའི་སྟེང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབྱི་རག་རོགས་སྐྱོར་ཚོགས་པའི་བྱ་བ་དང་གྲུབ་འབྲས་ལ་མ་ལག་ལྡན་པའི་སྤྱི་སྡོམ་དང་དཔྱད་འཇོག་བྱེད་པ། ཆེད་མངགས་ཚོགས་པའི་དུས་ཡུན་རིང་འབྲིང་གི་མདུན་ལྗོངས་ལ་ཞིབ་འཇུག་ནན་མོ་བྱེད་འོས་ཟེར།
ཏའེ་པེན་གྱིས་བཤད་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་དབྱི་རག་གིས་རྒྱལ་ཁབ་ཀྱི་བདག་དབང་དང་སྒེར་ཚུགས། མངའ་ཁོངས་ཆ་ཚང་བཅས་ལ་སྲུང་སྐྱོང་བྱེད་པར་བློ་བརྟན་འགྱུར་མེད་ཀྱིས་རྒྱབ་སྐྱོར་བྱེད་པ་དང་། དབྱི་རག་གི་དཔལ་འབྱོར་བསྐྱར་འཛུགས་བྱེད་པར་རྒྱབ་སྐྱོར་བྱེད་པ། དབྱི་རག་ཕྱོགས་ཀྱི་བཟོ་ལས་སླར་གསོ་དང་དམངས་ཚིས་ལེགས་བཅོས། རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་བྱེད་པར་རོགས་སྐྱོར་བྱེད་ངེས། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་དབྱི་རག་གི་ཡུན་སྐྱོང་བདེ་འགོད་དང་ས་ཁུལ་ཞི་བདེ་འཕེལ་རྒྱས་ཐད་བྱས་རྗེས་བཟང་བོ་འཇོག་ངེས་ཡིན་ཟེར།
ལྷ་མོ་ཚེ་རིང་གིས་བསྒྱུར།