དབྱི་སི་རལ་གྱི་ཕྱི་འབྲེལ་དཔོན་པོ་ཨེ་ལིས་ཁུ་ཧུན་གྱིས་ཚེས་གཉིས་ཉིན་ཐུ་ལཱ་ཝེ་ཧྥུའུ་ནས་བཤད་རྒྱུར། དབྱི་སི་རལ་གྱིས་ད་ལོར་སུའུ་ཏན་དང་འབྲེལ་བ་རྒྱུན་ལྡན་ཅན་གྱི་གྲོས་མཐུན་འགོད་པའི་འཆར་གཞི་ཡོད་ཟེར།
ཁུ་ཧུན་གྱིས་ཚེས་གཉིས་ཀྱི་དགོང་མོར་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཁོས་ཉིན་དེར་སུའུ་ཏན་ལ་ལོ་རྒྱུས་རང་བཞིན་གྱི་ཕྱི་འབྲེལ་འཚམས་འདྲི་བྱས་པ་དང་། སུའུ་ཏན་བདག་དབང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པུའུ་ཨར་ཧན་དང་ཐུག་འཕྲད་བྱས་པར་མ་ཟད། སུའུ་ཏན་ཕྱོགས་དང་གྲོས་མཐུན་ཡིག་ཆ་གཏན་འཁེལ་བྱས། སྔོན་དཔག་བྱས་ན། དངོས་སུ་མིང་འགོད་པའི་མཛད་སྒོ་སུའུ་ཏན་བདག་དབང་ཨུ་ཡོན་ལྷན་ཁང་གིས་དབང་ཆ་དམངས་འདེམས་སྲིད་གཞུང་ལ་སྤྲད་རྗེས་སྤེལ་ངེས་ཡིན་ཟེར།
དབྱི་སི་རལ་ཕྱི་འབྲེལ་པུའུ་ཡིས་ཉིན་དེར་གསལ་བསྒྲགས་ཤིག་གི་ཁྲོད་བཤད་རྒྱུར། དབྱི་སི་རལ་དང་སུའུ་ཏན་རྒྱལ་ཁབ་གཉིས་ཀྱིས་འབྲུ་རིགས་བདེ་འཇགས་དང་ཆུའི་ཐོན་ཁུངས་དོ་དམ། ཞིང་ལས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་རྒྱུ་ཟེར།
ཉིས་སྟོང་ཉི་ཤུ་ལོར། ཨ་མེ་རི་ཁས་འོས་སྦྱོར་འོག་ཏུ། སུའུ་ཏན་དང་དབྱི་སི་རལ་གྱིས་འབྲེལ་བ་རྒྱུན་ལྡན་ཅན་མངོན་འགྱུར་བྱེད་འདོད་ཡོད་པ་ཁྱབ་བསྒྲགས་བྱས་མོད། འོན་ཀྱང་རྒྱལ་ཁབ་གཉིས་ཀྱིས་ད་ལྟའི་བར་དུ་ད་རུང་འབྲེལ་བ་རྒྱུན་ལྡན་ཅན་དུ་གྱུར་བའི་གྲོས་མཐུན་ལ་དངོས་སུ་མིང་རྟགས་བཀོད་མེད།
ལྷ་མོ་ཚེ་རིང་གིས་བསྒྱུར།