ཐུ་ནི་སིའི་ཙུང་ཐུང་སའེ་དབྱི་ཏི་ཡིས་ཚེས་གཉིས་ཉིན་བསྟན་དོན། ཐུ་ནི་སི་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་འབྲེལ་བའི་འཕེལ་རྒྱས་ལ་ཧ་ཅང་མཐོང་ཆེན་བྱེད་བཞིན་ཡོད་པ་དང་། ཀྲུང་གོ་ཕྱོགས་ཀྱིས་དུས་ཡུན་རིང་བོར་ཐུ་ནི་སི་ཕྱོགས་ལ་རོགས་སྐྱོར་དང་རྒྱབ་སྐྱོར་འདོན་སྤྲོད་བྱས་པར་བཀའ་དྲིན་ཆེ་ཞུས་པ་ཡིན། ཐུ་ནི་སི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་སྔར་ལས་ཤུགས་སྣོན་འདོད་ཡོད་ཟེར།
སའེ་དབྱི་ཏི་ཡིས་ཉིན་དེར་ཀྲུང་གོའི་གསར་དུ་འགན་ཁུར་བའི་ཐུ་ནི་སི་རུ་སྡོད་པའི་གཞུང་ཚབ་ཆེན་མོ་ཝན་ལི་ཡིས་སྤྲད་པའི་རྒྱལ་ཡིག་དང་ལེན་བྱེད་སྐབས་བསྟན་དོན། ཨ་རབ་དང་ཀྲུང་གོ་རྒྱལ་ཁབ་ཀྱི་རྩེ་ཚོགས་སྐབས་དང་པོས་ཨ་རབ་དང་ཀྲུང་གོ་དང་། ཐུ་ནི་སི་དང་ཀྲུང་གོའི་འབྲེལ་བའི་འཕེལ་རྒྱས་ཐད་གོ་སྐབས་གསར་པ་འདོན་སྤྲོད་བྱས། ཐུ་ནི་སི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་སྔར་ལས་ཤུགས་སྣོན་པ་དང་ཕྱོགས་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད།
ཝན་ལི་ཡིས་བསྟན་དོན། ཀྲུང་གོ་དང་ཐུ་ནི་སིའི་བར་འབྲེལ་བ་བཙུགས་པའི་ཚུན་ལ། ཕྱོགས་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་ཚུལ་བཟུང་སྟེ་ཕྱོགས་གཉིས་ཀྱི་འབྲེལ་བ་ཇེ་བཟང་ཇེ་ཟབ་ཏུ་སོང་། ན་ནིང་གི་ལོ་མཇུག་ཏུ། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་རྩེ་ཚོགས་སྐབས་དང་པོའི་སྐབས་སུ་གྲོས་མོལ་བྱས་ཏེ་ཀྲུང་གོ་དང་ཐུ་ནི་སིའི་འབྲེལ་བའི་འཕེལ་རྒྱས་ལ་འཐབ་ཇུས་ཁ་ཕྱོགས་གསལ་སྟོན་བྱས། ང་ཚོས་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱེད་པ་དང་། རྒྱུད་གཅིག་ལམ་གཅིག་མཉམ་དུ་འཛུགས་སྐྲུན་བྱེད་པ། ཀྲུང་གོ་དང་ཨ་ཧྥེ་རི་ཁ་དང་། ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་བར་གྱི་མཉམ་ལས་སྒྲོམ་གཞིའི་ནང་མཉམ་ལས་སྦས་ཤུགས་འཚོལ་ཞིབ་དང་སྔོག་འདོན་བྱས་ཏེ་ཀྲུང་གོ་དང་ཐུ་ནི་སིའི་འབྲེལ་བ་དང་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་རྒྱུན་མཐུད་ངང་ཇེ་བཟང་དུ་འགྲོ་བར་སྐུལ་འདེད་གཏོང་ངེས།
ལྷ་མོ་ཚེ་རིང་གིས་བསྒྱུར།