ཙི་ལེན་སི་ཅི་ཡིས་ཝུའུ་ཁི་ལན་གྱིས་ད་ལོར་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་གྲོས་མོལ་མགོ་རྩོམ་པར་རེ་བ་བཞིན་ཡོད་པའི་ཚུལ་བསྟན།
2023.02.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 26

 ཝུའུ་ཁི་ལན་གྱི་ཙུང་ཐུང་ཙི་ལེན་སི་ཅི་ཡིས་ཚེས་གསུམ་ཉིན་ཅི་ཕུའུ་ནས་བསྟན་དོན།  ཝུའུ་ཁི་ལན་ད་ལོར་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་གྲོས་མོལ་མགོ་རྩོམ་པར་རེ་བ་བཞིན་ཡོད།

ཝུའུ་ཁི་ལན་ཙུང་ཐུང་དྲ་ཚིགས་ཀྱིས་ཚེས་གསུམ་ཉིན་བསྒྲགས་པ་ལྟར་ན།   ཝུའུ་ཁི་ལན་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་རྩེ་ཚོགས་སྐབས་ཉེར་བཞི་བ་ཉིན་དེར་ཅི་ཕུའུ་ནས་བསྡུས་པ་དང་།   ཙི་ལེན་སི་ཅི་དང་ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་མེས་ཞེ་ཨར།     ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥིན་ཏི་ལེ་ཨུན།   ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་མཐུས་མི་པའོ་ལེ་ལིས།  དེ་མིན་ཝུའུ་ཁི་ལན་གྱི་ནང་སྲིད།ཡོ་རོབ་གླིང་མནའ་འབྲེལ་གྱི་མགོ་ཁྲིད་གཙོ་བོ་བཅས་གྲོས་ཚོགས་ལ་ཞུགས།

ཙེ་ལེན་སི་ཅི་ཡིས་ཤིས་ཚིག་ཁྲོད་བཤད་རྒྱུར།   ཝུའུ་ཁི་ལན་གྱིས་ཡོ་རོབ་གླིང་མནའ་འབྲེལ་གྱི་ཝུའུ་ཁི་ལན་གྱི་འདེམ་སྒུག་པའི་རྒྱལ་ཁབ་ཀྱི་བཅོས་སྒྱུར་གྲོས་གཞི་བདུན་གྱི་དོན་འཁྱོལ་བྱ་བ་ཡོངས་འགྲུབ་བྱེད་ལ་ཉེ་བ་དང་།   ཝུའུ་ཁི་ལན་ཕྱོགས་ཀྱིས་ཡོ་རོབ་གླིང་མནའ་འབྲེལ་གྱིས་དེར་གདེང་འཇོག་བཟང་བོ་བྱེད་པར་རེ་སྒུག་བྱས་ཡོད་ཟེར།   ཁོས་ཝུའུ་ཁི་ལན་གྱི་དམིགས་འབེན་ཧ་ཅང་གསལ་བོ་ཡིན་ཏེ། ད་ལོར་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་གྲོས་མོལ་མགོ་རྩོམ་རྒྱུ་ཡིན་ཞེས་ནན་གྱིས་བསྟན།

མེས་ཞེ་ཨར་གྱིས་བསྟན་དོན།    ཐེངས་འདིའི་རྩེ་ཚོགས་ཀྱི་འཆར་གཞི་གཙོ་བོ་ནི་ཝུའུ་ཁི་ལན་རྒྱལ་ཁབ་དང་མི་དམངས་ལ་མཐུན་སྒྲིལ་དང་ཡོ་རོབ་གླིང་མནའ་འབྲེལ་མདུན་ལྗོངས་ཀྱི་བརྡ་རྟགས་བརྒྱུད་སྒྲོག་བྱེད་རྒྱུ་དེ་ཡིན།   ན་ནིང་གི་ཟླ་དྲུག་པར་ཡོ་རོབ་གླིང་མནའ་འབྲེལ་གྱི་འདེམ་སྒུག་པའི་རྒྱལ་ཁབ་ཀྱི་ཐོབ་ཐང་ཐོབ་པའི་ཚུན་ལ།  ཝུའུ་ཁི་ལན་ཡོ་རོབ་གླིང་གཞི་གཅིག་ཅན་གྱི་བགྲོད་ལམ་སྟེང་འཕེལ་རྒྱས་སོང་བ་མགྱོགས་པ་དང་།   ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱིས་ཝུའུ་ཁི་ལན་ཡོ་རོབ་གླིང་མནའ་འབྲེལ་དུ་ཞུགས་པའི་འབད་བརྩོན་ལ་རྒྱབ་སྐྱོར་བྱེད་ངེས་ཡིན།  མེས་ཞེ་ཨར་གྱིས་བཤད་རྒྱུར།  མིག་སྔར།  ཝུའུ་ཁི་ལན་ལ་ནོར་སྲིད་དང་དམག་དོན།  མི་ཆོས་རིང་ལུགས་ཀྱི་རྒྱབ་སྐྱོར་འདོན་སྤྲོད་བྱེད་རྒྱུ་ཧ་ཅང་གལ་ཆེ་ཟེར།

ཧྥིན་ཏི་ལེ་ཨུན་གྱིས་ཝུའུ་ཁི་ལན་གྱིས་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་བཅོས་སྒྱུར་གྲོས་གཞི་བདུན་དོན་འཁྱོལ་བྱས་པའི་ཐད་བླངས་པའི་གྲུབ་འབྲས་ལ་གདེང་འཇོག་ཆེན་པོ་བྱས་པར་མ་ཟད།   ཝུའུ་ཁི་ལན་གྱིས་འཕེལ་རིམ་སྔར་ལས་ཇེ་མགྱོགས་སུ་གཏོང་བར་རེ་བ་བྱེད་པའི་ཚུལ་བསྟན།

ན་ནིང་གི་ཟླ་དྲུག་པར། ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱིས་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་གྲོས་གཞི་ལྟར་ཝུའུ་ཁི་ལན་ལ་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་འདེམ་སྒུག་རྒྱལ་ཁབ་ཀྱི་གོ་གནས་སྟེར་རྒྱུ་ཐག་བཅད།

                                                                                            ལྷ་མོ་ཚེ་རིང་གིས་བསྒྱུར།