པ་ཞི་ཙུང་ཐུང་ལུའུ་ལ་ཡིས་ཚེས་གསུམ་ཉིན་བསྟན་དོན། པ་ཞི་དང་ཀྲུང་གོའི་བར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་ཧ་ཅང་བརྟན་པོ་ཡིན་པ་དང་། པ་ཞི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཐོ་རིམ་བར་གྱི་བརྗེ་རེས་ཇེ་ཟབ་ཏུ་གཏོང་བ་དང་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ། འཛམ་གླིང་བཅོས་སྐྱོང་མ་ལག་བཅོས་སྒྱུར་དང་རྒྱལ་སྤྱིའི་ས་ཁུལ་གནད་དོན་གལ་ཆེན་སྟེང་ཕན་ཚུན་མཐུན་སྦྱོར་རོགས་རེས་བྱེད་པར་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད།
ལུའུ་ལ་ཡིས་ཀྲུང་གོའི་པ་ཞི་རུ་སྡོད་པའི་གཞུང་ཚབ་ཆེན་མོ་ཀྲུའུ་ཆེན་ཆའོ་ཡིས་སྤྲད་པའི་རྒྱལ་ཡིག་དང་ལེན་བྱེད་སྐབས་གོང་གི་སྐད་ཆ་དེ་བཤད་པ་རེད།
ཀྲུའུ་ཆེན་ཆའོ་ཡིས་བསྟན་དོན། ཀྲུང་གོ་དང་པ་ཞི་བར་འབྲེལ་བ་བཙུགས་པའི་ཚུན་གྱི་ལོ་རྒྱུས་ཀྱིས་ཀྲུང་གོ་དང་པ་ཞི་ཡི་འབྲེལ་བའི་འཕེལ་རྒྱས་དེ་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་པ་དང་། འཛམ་གླིང་ཞི་བདེ་སྲུང་སྐྱོང་དང་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མིའི་རིགས་ཀྱི་ལས་སྐལ་ཐུན་མོང་ཚོགས་པ་འཛུགས་པ་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན་པ་བདེན་དཔང་བྱས་ཡོད། མིག་སྔར། ཀྲུང་གོ་དང་པ་ཞི་གཉིས་རྒྱལ་ཁབ་འཕེལ་རྒྱས་དར་སྤེལ་གྱི་གནད་འགག་དུས་སྐབས་སུ་གནས་ཡོད། གསར་དུ་འགན་ཁུར་བའི་ཀྲུང་གོའི་པ་ཞི་རུ་སྡོད་པའི་གཞུང་ཚབ་ཆེན་མོ་ཡིན་པའི་ཆ་ནས། ངས་པ་ཞི་ཕྱོགས་དང་མཉམ་དུ། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་དོན་འཁྱོལ་བྱེད་པ་དང་། ཀྲུང་གོ་དང་པ་ཞི་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ། རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་ཕན་ཚུན་རྒྱུས་ལོན་དང་མཛའ་བརྩེ་ཇེ་ཟབ་ཏུ་འགྲོ་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་འཕེལ་རྒྱས་གསར་པའི་ཐད་བྱས་རྗེས་བཟང་བོ་འཇོག་འདོད་ཡོད།
ཀྲུའུ་ཆེན་ཆའོ་ཉིས་སྟོང་ཉེར་གཉིས་ལོའི་ཟླ་བཅུ་གཉིས་པའི་ཚེས་དགུ་ཉིན་པ་ཞི་ལིས་ཡ་རུ་འབྱོར་ནས་གསར་བསྐོའི་གཞུང་ཚབ་ཆེན་མོའི་འགན་ཁུར་བ་རེད།
ལྷ་མོ་ཚེ་རིང་གིས་བསྒྱུར།