ཀྲི་ལི་རྒྱལ་ཁབ་ཀྱི་གནོད་འཚེ་སྔོན་འགོག་དང་དང་ལེན་ལྟེ་གནས་ཀྱིས་ཚེས་གསུམ་ཉིན་བསྟན་དོན། རྒྱལ་ཁབ་དེའི་ལྷོ་དབུས་ཕྱོགས་ཀྱི་ས་ཁུལ་མང་པོར་ནགས་ཚལ་མེ་སྐྱོན་བྱུང་སྟེ་ཉུང་མཐར་ཡང་མི་བཅུ་གསུམ་རྐྱེན་ལམ་དུ་ཤོར་བ་དང་། མེ་སྐྱོན་ཤོར་བའི་རྒྱ་ཁྱོན་ལ་སྤྱི་ཆིངས་ཁྲི་བཞི་དང་སྟོང་བདུན་ལས་བརྒལ།
ཀྲི་ལི་རྒྱལ་ཁབ་ཀྱི་གནོད་འཚེ་སྔོན་འགོག་དང་དང་ལེན་ལྟེ་གནས་ཀྱི་ཀྲུའུ་རིན་ཐཱ་ཕི་ཝ་ཡིས་གསར་འགོད་པའི་ཚོགས་འདུའི་སྟེང་བཤད་རྒྱུར། མིག་སྔར་རྒྱལ་ཡོངས་སུ་ནགས་ཚལ་མེ་སྐྱོན་དོན་རྐྱེན་ཉིས་བརྒྱ་དང་བཞི་བྱུང་ཡོད་པ་དང་། དེའི་ནང་མེ་སྐྱོན་ང་དྲུག་ལ་ཚོད་འཛིན་བྱས་ཡོད། ཚེས་གསུམ་ཉིན་མེ་སྐྱོན་ཁྲོད་པེས་ཨོ་པེས་ཨོ་ས་ཁུལ་ཆེན་མོའི་ཁང་སེ་ཕུའུ་ཞི་ཝུན་གྲོང་ཁྱེར་དུ་མི་བཅུ་གཅིག་རྐྱེན་ལམ་དུ་ཤོར་བ་དང་། ཨ་ལོ་ཁ་ཉི་ཡ་ས་ཁུལ་ཆེན་མོའི་མེ་གསོད་ལས་འགན་ལག་བསྟར་བྱེད་པའི་གྱེན་འཕུར་གནམ་གྲུའི་ཁ་ལོ་བ་ཞིག་དང་འཕྲུལ་ཆས་བཟོ་བཀོད་པ་གཅིག་གཞུང་དོན་དུ་རྐྱེན་ལམ་དུ་ཤོར།
ཀྲི་ལི་ཙུང་ཐུང་པའོ་ལིས་ཆི་ཡིས་གཏམ་བཤད་སྤེལ་ཏེ་བཤད་རྒྱུར། ཁོ་ཡུལ་དངོས་སུ་སོང་ནས་མེ་སྐྱོན་གནས་ཚུལ་དང་རོགས་སྐྱོར་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་། སྲིད་གཞུང་གིས་ཐོན་ཁུངས་ཡོད་ཚད་སྤྱད་དེ་མེ་གསོད་བྱ་བའི་ཁྲོད་ཞུགས་ངེས། མང་ཚོགས་ཀྱིས་གད་སྙིགས་དང་ཞིང་ལས་བེད་མེད་དངོས་རྫས་མེར་སྲེག་པའི་བྱེད་ཐབས་མཚམས་འཇོག་དགོས་ཟེར།
ལྷ་མོ་ཚེ་རིང་གིས་བསྒྱུར།