སེ་ཕུའུ་ལུའུ་སིའི་དཔོན་ཕྱོགས་ཀྱིས་ཚེས་ལྔ་ཉིན་གྱི་དགོང་མོར་ཉིན་དེར་སྤེལ་བའི་ཙུང་ཐུང་འདེམ་བསྐོའི་འདེམ་ཤོག་རྩིས་ལེན་བྱས་པའི་མཇུག་འབྲས་ཁྱབ་བསྒྲགས་བྱས་པ་དང་། འདེམ་སྒུག་པ་གང་རུང་ལ་ཕྱེད་གྲངས་བརྒལ་བའི་འདེམ་ཤོག་ཐོབ་མེད་པས། སྒེར་གྱི་འདེམ་སྒུག་པ། སྔོན་ཆད་ཀྱི་ཕྱི་འབྲེལ་བློན་ཆེན་ཧི་ལི་སི་ཐའོ་ཙུའུ་ལེ་ཅི་སི་དང་ངོ་རྒོལ་ཏང་ངལ་རྩོལ་མི་དམངས་ཡར་ཐོན་ཏང་གི་རྒྱབ་སྐྱོར་ཐོབ་པའི་སྒེར་གྱི་འདེམ་སྒུག་པ་མཱ་ཧྥུའུ་ལོ་དབྱང་ནེ་སི་གཉིས་ཚེས་བཅུ་གཉིས་ཉིན་སྤེལ་རྒྱུ་ཡིན་པའི་ཙུང་ཐུང་འདེམ་བསྐོའི་སྐོར་ཐེངས་གཉིས་པའི་འདེམ་ཤོག་འཕེན་པའི་བྱ་འགུལ་ནང་ཞུགས་རྒྱུ་རེད་ཟེར།
འདེམ་ཤོག་རྩིས་ལེན་བྱས་པའི་མཇུག་འབྲས་ལས་མངོན་པ་ལྟར་ན། ཧི་ལི་སི་ཐའོ་ཙུའུ་ལེ་ཅི་སི་ལ་སྐོར་ཐེངས་དང་པོའི་འདེམ་བསྐོའི་ཁྲོད་བརྒྱ་ཆའི་སོ་གཉིས་དང་གྲངས་ཆུང་ཐིག་བཞིའི་འདེམ་ཤོག་ཐོབ་པ་དང་། མཱ་ཧྥུའུ་ལོ་དབྱང་ནེ་སི་ལ་བརྒྱ་ཆའི་ཉེར་དགུ་དང་གྲངས་ཆུང་དྲུག་གཅིག་གི་འདེམ་ཤོག་ཐོབ་ཡོད། སྲིད་འཛིན་པའི་དམངས་གཙོ་ཚོགས་ཆེན་ཏང་གི་ཀྲུའུ་ཞི་ནེ་ཨོ་ཧྥེ་ཏའོ་ལ་བརྒྱ་ཆའི་ཉེར་དྲུག་དང་གྲངས་ཆུང་གཅིག་གཅིག་གི་འདེམ་ཤོག་ཐོབ་ནས་ཨང་གསུམ་པར་གནས་པས་སྐོར་ཐེངས་གཉིས་པའི་འདེམ་བསྐོར་ཞུགས་པའི་གོ་སྐབས་མེད་པར་གྱུར་ཏེ། ཏང་ཁག་དེའི་སེ་ཕུའུ་ལུའུ་སིའི་ལོ་ངོ་བཅུའི་སྲིད་འཛིན་གོ་གནས་མཇུག་སྒྲིལ་བ་རེད།
སེ་ཕུའུ་ལུའུ་སིའི་རྩ་ཁྲིམས་ཀྱི་གཏན་འཁེལ་ལྟར་ན། གལ་ཏེ་འདེམ་སྒུག་པ་གང་རུང་ལ་ཙུང་ཐུང་འདེམ་བསྐོའི་ཁྲོད་བརྒྱ་ཆའི་ལྔ་བཅུའི་ཡན་གྱི་འདེམ་ཤོག་ཐོབ་མེད་ཚེ། འདེམ་ཤོག་ཐོབ་ཚད་ཆེས་མཐོ་བའི་འདེམ་སྒུག་པ་གཉིས་སྐོར་ཐེངས་གཉིས་པའི་འགྲན་རྩོད་ལ་ཞུགས་དགོས་པ་རེད། བསྡོམས་རྩིས་བྱས་པ་ལྟར་ན། སྐབས་འདིའི་འདེམ་བསྐོའི་བྱ་འགུལ་ལ་བསྡོམས་པས་ཙུང་ཐུང་གི་འདེམ་སྒུག་མི་སྣ་བཅུ་བཞི་ཡོད་པ་དང་། ཐོ་འགོད་བྱས་པའི་འདེམ་དམངས་ཁ་གྲངས་འབུམ་ལྔ་དང་ཁྲི་དྲུག་སྟོང་གཅིག་ལས་བརྒལ་ཡོད་ལ། འདེམ་ཤོག་འཕེན་ཚད་བརྒྱ་ཆའི་དོན་གཉིས་དང་གྲངས་ཆུང་ཐིག་ལྔ་རེད།
སེ་ཕུའུ་ལུའུ་སི་ཡིས་ཙུང་ཐུང་ལམ་ལུགས་ལག་བསྟར་བྱེད་པ་དང་། ཙུང་ཐུང་གི་འགན་ཡུན་ལོ་ངོ་ལྔ་རེད། ད་ལྟའི་ཙུང་ཐུང་ཨ་ནཱ་སི་ཐཱ་ཞཱ་ཅི་སི་ཡིས་ཟླ་གཉིས་པར་ལས་འགན་བསྐྱུར་རྒྱུ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།