ཕཱ་ཁི་སི་ཐན་གྱི་སྔོན་ཆད་ཀྱི་ཙུང་ཐུང་མུའུ་ཧྲ་ལཱ་ཧྥུའུ་སྐུ་གཤེགས། 
2023.02.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 26

འདི་ནི་ཕཱ་ཁི་སི་ཐན་གྱི་སྔོན་ཆད་ཀྱི་ཙུང་ཐུང་མུའུ་ཧྲ་ལཱ་ཧྥུའུ་ཡིས་དབྱི་སི་ལན་པའོ་ནས་སྤེལ་བའི་འགྲན་རྩོད་བྱ་འགུལ་སྟེང་གཏམ་བཤད་སྤེལ་བའི་པར་རིས་རྒྱུ་ཆ་རེད། 

ཕཱ་ཁི་སི་ཐན་གྱི་སྔོན་ཆད་ཀྱི་ཙུང་ཐུང་མུའུ་ཧྲ་ལཱ་ཧྥུའུ་ཚེས་ལྔ་ཉིན་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཏིས་པེད་ནས་སྐུ་གཤེགས་པ་དང་། ད་ལོར་དགུང་ལོ་དོན་དགུ་རེད། 

ཕཱ་ཁི་སི་ཐན་དམག་གསུམ་གསར་འགྱུར་ཅུའུ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཕཱ་ཁི་སི་ཐན་གྱི་ཇུས་འདོན་དཔོན་མཉམ་ཞུགས་གྲོས་ཚོགས་ཀྱི་ཀྲུའུ་ཞི་དང་དམག་གསུམ་ཇུས་འདོན་དཔོན་གྱིས་མུའུ་ཧྲ་ལཱ་ཧྥུའུ་སྐུ་གཤེགས་པར་མྱ་ངན་ཞུས། 

ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་མཚོ་ཁུགས་སྐབས་དོན་ཚགས་པར་གྱིས་བསྒྲགས་པ་ལྟར་ན། མུའུ་ཧྲ་ལཱ་ཧྥུའུ་ནི་ཚེས་ལྔ་ཉིན་གྱི་སྔ་དྲོར་ཏིས་པེད་ནས་སྐུ་གཤེགས་པ་དང་། དེའི་སྔོན་ཁོས་དུས་ཡུན་རིང་བོར་སྨན་ཁང་དུ་བསྡད་དེ་གསོ་བཅོས་བྱེད་བཞིན་ཡོད་པ་རེད་ཟེར། 

མུའུ་ཧྲ་ལཱ་ཧྥུའུ་ནི་གཅིག་སྟོང་དགུ་བརྒྱ་ཞེ་གསུམ་ལོའི་ཟླ་བརྒྱད་པར་སྐྱེས། ཉིས་སྟོང་བདུན་ལོའི་ཟླ་བཅུ་གཅིག་པར་ཕཱ་ཁི་སི་ཐན་གྱི་ཙུང་ཐུང་དང་སྐམ་དམག་གི་ཇུས་འདོན་དཔོན་གྱི་འགན་ཁུར་བའི་མུའུ་ཧྲ་ལཱ་ཧྥུའུ་ཡིས་བྲེལ་མྱུར་དོགས་ཟོན་བྱེད་ཐབས་ལག་བསྟར་བྱེད་རྒྱུ་ཁྱབ་བསྒྲགས་བྱས་པ་དང་། ཁྲིམས་དཔོན་དྲུག་ཅུ་ཙམ་གྱི་ལས་འགན་བླངས་པས་བྱ་སྤྱོད་དེ་རྩ་ཁྲིམས་དང་འགལ་བའི་དོགས་པ་བྱུང་། ཉིས་སྟོང་བརྒྱད་ལོའི་ཟླ་བརྒྱད་པར། མུའུ་ཧྲ་ལཱ་ཧྥུའུ་ཡིས་ཕྱོགས་མང་བོའི་གནོན་ཤུགས་འོག་ཙུང་ཐུང་གི་ལས་འགན་བསྐྱུར་བ་དང་། དེའི་རྗེས་སུ་དུས་ཡུན་རིང་བོར་དབྱིན་ཇི་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཏུ་བསྡད་ཡོད། ཉིས་སྟོང་བཅུ་གསུམ་ལོའི་ཟླ་གསུམ་པར། མུའུ་ཧྲ་ལཱ་ཧྥུའུ་ཕྱིར་རྒྱལ་ནང་དུ་ལོག་ནས་འདེམ་བསྐོའི་བྱ་འགུལ་ལ་ཞུགས་རྩིས་བྱས་ཀྱང་ཁྲིམས་ཁང་གིས་གཏན་འགོག་བྱས་པ་རེད། ལོ་དེའི་ཟླ་བཅུ་གཅིག་པར་ཕཱ་ཁི་སི་ཐན་གྱིས་མུའུ་ཧྲ་ལཱ་ཧྥུའུ་ཡི་རྒྱལ་ཁབ་ངོ་ལོག་ནག་ཉེས་ཀྱི་སྐྱོན་འཛུགས་ཞུ་གཏུག་ལས་རིམ་མགོ་བརྩམས་པ་རེད། ཉིས་སྟོང་བཅུ་དྲུག་ལོའི་ཟླ་གསུམ་པར། ཕཱ་ཁི་སི་ཐན་གྱི་ཆེས་མཐོའི་ཁྲིམས་ཁང་གིས་མུའུ་ཧྲ་ལཱ་ཧྥུའུ་རྒྱལ་ཁབ་གཞན་དུ་གསོ་བཅོས་བྱེད་དུ་འགྲོ་བར་ཡིད་འཐད་བྱུང་བ་རེད། 


བསོད་ནམས་ཚེ་རིང་གིས་བསྒྱུར།