ཕཱ་ལེ་སི་ཐན་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཚེས་དྲུག་ཉིན་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ཅེ་ལི་ཁི་གྲོང་ཁྱེར་ནས་ཕཱ་ལེ་སི་ཐན་གྱི་མིའི་བར་འཁྲུག་རྩོད་བྱས་ཏེ། མེ་མདས་བརྒྱབ་ནས་ཕཱ་ལེ་སི་ཐན་གྱི་མི་ལྔ་བསད་ཟེར།
ཕཱ་ལེ་སི་ཐན་གྱི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་ཉིན་དེར་ཅེ་ལི་ཁི་ལྷོ་ངོས་ཀྱི་ཡུལ་གྱར་བའི་སྒར་ས་ཞིག་ཏུ་སོང་ནས་སྔོག་བཤེར་འགུལ་སྐྱོད་སྤེལ་བ་དང་། ཕཱ་ལེ་སི་ཐན་གྱི་མིའི་བར་འཁྲུག་རྩོད་བྱུང་ནས་མེ་མདས་བརྒྱབ་ནས་ཕཱ་ལེ་སི་ཐན་གྱི་མི་བསད་པ་རེད། འདས་པོའི་གྲས་སུ་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་དྲག་ཆས་མི་སྣ་འདུས། མིག་སྔར་དབྱི་སི་རལ་དམག་དཔུང་གིས་འདས་པོའི་བེམ་པོ་བཀག་ཉར་བྱས་ཡོད་ཟེར།
ས་དེའི་གནས་ཚུལ་ཤེས་མཁན་གྱིས་གསར་འགོད་པར་བཤད་རྒྱུར། གཞན་ཡང་མི་བཅུ་གསུམ་ལ་འཁྲུག་རྩོད་ཁྲོད་རྨས་ཕོག་པ་དང་། དེའི་ནང་མི་གཅིག་གི་རྨས་སྐྱོན་ཚབས་ཆེན་རེད་ཟེར།
དབྱི་སི་རལ་གྱི་རྒྱལ་སྲུང་དམག་གིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་དམག་དཔུང་གིས་ཐེངས་འདིའི་འགུལ་སྐྱོད་ཁྲོད་འཛིན་བཟུང་བཀའ་རྒྱ་བཏང་བའི་མི་བདུན་འཛིན་བཟུང་བྱས་པ་དང་། འཇིགས་སྐུལ་ཉེས་ཅན་མང་བོ་བསད་ཡོད་ལ། དབྱི་སི་རལ་གྱི་དམག་མིར་འགུལ་སྐྱོད་དེའི་ཁྲོད་ཤི་རྨས་བྱུང་མེད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།