དབྱི་རག་དང་ཨུ་རུ་སི་ཡིས་དཔལ་འབྱོར་བདེ་འཇགས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུའི་ཚུལ་བསྟན། 
2023.02.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 30

དབྱི་རག་གི་མགོ་ཁྲིད་པས་ཚེས་དྲུག་ཉིན་རྒྱལ་ས་པཱ་ཀི་ཏཱ་ནས་འཚམས་འདྲིར་ཡོང་བའི་ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་དང་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་ཕན་ཚུན་བར་གྱི་དཔལ་འབྱོར་དང་བདེ་འཇགས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུའི་ཚུལ་བསྟན། 

དབྱི་རག་གི་ཙུང་ཐུང་བཞུགས་ཤག་གིས་ཉིན་དེར་སྤེལ་བའི་གསལ་སྒྲོག་ལྟར་ན། དབྱི་རག་གི་ཙུང་ཐུང་ལཱ་ཞེ་ཏི་ཡིས་ལཱ་ཧྥུའུ་ལོ་ཧྥུའུ་ལ་ཐུག་འཕྲད་བྱེད་སྐབས་བསྟན་དོན། དབྱི་རག་གིས་ཐུན་མོང་གི་ཁེ་ཕན་མངོན་འགྱུར་བྱེད་ཐབས་འཚོལ་ཞིབ་བྱས་ཏེ་རྒྱལ་ཁབ་ཚང་མའི་བར་དོ་མཉམ་གྱི་འབྲེལ་བ་འཛུགས་པར་བརྩོན་ལེན་བྱེད་བཞིན་ཡོད་ཅིང་། དབྱི་རག་དང་ཨུ་རུ་སི་རྒྱལ་ཁབ་གཉིས་ཀྱིས་དཔལ་འབྱོར་མཉམ་ལས་ལ་སྐུལ་འདེད་བཏང་ནས། ཐུན་མོང་གིས་སེམས་ཁུར་བྱེད་པའི་གནད་དོན་ཐད་ནས་མཐུན་སྦྱོར་དང་གྲོས་མོལ་བྱེད་དགོས་ཟེར། ལཱ་ཧྥུའུ་ལོ་ཧྥུའུ་ཡིས་དབྱི་རག་ཕྱོགས་ཀྱིས་གྲོས་མོལ་བྱེད་པའི་འབོད་སྐུལ་གཏོང་བ་དང་། ཉམས་ཉེན་འབྱུང་བར་སྔོན་འགོག་བྱེད་པ། ཞི་བདེ་གཙོར་འཛིན་པའི་ལངས་ཕྱོགས་ལ་གཟེངས་བསྟོད་བྱས་པར་མ་ཟད། ཨུ་རུ་སིའི་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་ཤུགས་སྣོན་བྱས་ནས་དཔལ་འབྱོར་དང་དམག་དོན་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་འདོད་ཡོད་པའི་ཚུལ་བསྟན། 

གཞན་ཡང་དབྱི་རག་གི་ཙུང་ལིའི་སྨྱན་བྱད་གཞུང་སྒྲུབ་ཁང་གི་གསལ་སྒྲོག་ལྟར་ན། དབྱི་རག་གི་ཙུང་ལི་སུའུ་ཏཱ་ནེ་ཡིས་ལཱ་ཧྥུའུ་ལོ་ཧྥུའུ་དང་གྲོས་མོལ་བྱེད་སྐབས་གཅིག་གྱུར་གྱིས་བལྟས་ན། རྒྱལ་ཁབ་གཉིས་ཀྱིས་འཇིགས་སྐུལ་རིང་ལུགས་དང་ཐལ་སྤྱོད་རིང་ལུགས་ལ་ཆམ་ཕབ་གཏོང་བའི་ཐད་ནས་མུ་མཐུད་དུ་མཉམ་ལས་བྱས་ཏེ། འབྲེལ་འདྲིས་དང་བརྡ་འཕྲིན་གྱི་མཐུན་སྦྱོར་ལ་ཤུགས་སྣོན་པར་དོན་སྙིང་གལ་ཆེན་ལྡན་པར་འདོད། 

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཚེས་ལྔ་ཉིན་ནས་བཟུང་དབྱི་རག་ཏུ་དུས་ཡུན་ཉིན་གཉིས་ཀྱི་དངོས་གཞིའི་འཚམས་འདྲི་བྱེད་མགོ་བརྩམས་པ་རེད། 



བསོད་ནམས་ཚེ་རིང་གིས་བསྒྱུར།