ཐུར་ཁེའི་གནོད་འཚེ་དང་འཕྲལ་བསྟུན་དོ་དམ་ཁང་གིས་ཚེས་བདུན་ཉིན་གྱི་དགོང་མོར་སྤེལ་བའི་གནས་ཚུལ་ལྟར་ན། ཐུར་ཁེའི་ལྷོ་ཕྱོགས་ཀྱི་སི་རི་ཡཱ་དང་ཉེ་བའི་མཐའ་མཚམས་ས་ཁུལ་དུ་ཚེས་དྲུག་ཉིན་བྱུང་བའི་ས་ཡོམ་དྲག་པོ་ལས་མི་སྟོང་ལྔ་དང་བཞི་བརྒྱ་སོ་བཞི་རྐྱེན་ལམ་དུ་ཤོར་བ་དང་། མི་ཁྲི་གསུམ་དང་སྟོང་གཅིག་བདུན་བརྒྱ་དོན་བདུན་ལ་རྨས་ཕོག་ཟེར། ཐུར་ཁེ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། མིག་སྔར་གནས་སྐབས་སུ་ཀྲུང་གོའི་སྤྱི་དམངས་ལ་ས་ཡོམ་ཁྲོད་ཤི་རྨས་ཐེབས་པའི་སྙན་ཞུ་འབྱོར་མེད་ཟེར།
ཐུར་ཁེའི་གནོད་འཚེ་དང་འཕྲལ་བསྟུན་དོ་དམ་ཁང་གིས་བསྒྲགས་པ་ལྟར་ན། ཁཱ་ཧི་ལཱ་མན་མཱ་ལཱ་ཧྲི་ཞིང་ཆེན་དུ་ཚེས་དྲུག་ཉིན་གྱི་ཞོགས་པའི་དུས་ཚོད་བཞི་དང་སྐར་མ་བཅུ་བདུན་སྟེང་ཚད་རིམ་བདུན་དང་གྲངས་ཆུང་བདུན་གྱི་ས་ཡོམ་བྱུང་བ་དང་། ས་ཡོམ་གྱི་གཏིང་ཚད་ལ་སྤྱི་ལེ་བདུན་རེད། ཉེ་འཁོར་གྱི་ཅཱ་ཅི་ཨན་ཐེ་ཕུའུ་དང་ཧཱ་ཐཱ་དབྱེ། མཱ་ལཱ་ཏིས་ཡཱ་སོགས་ཞིང་ཆེན་མང་བོར་ས་ཡོམ་གྱི་ཚོར་སྣང་དྲག་པོ་བྱུང་། དེའི་རྗེས་སུ་ཉེ་འདབས་ས་ཁུལ་དུ་ཡང་བསྐྱར་ས་ཡོམ་ཆུང་བ་ཐེངས་མང་བྱུང་། མིག་སྔར་སི་རི་ཡཱའི་མཐའ་མཚམས་དང་ཉེ་བའི་ཧཱ་ཐཱ་དབྱེ་ཞིང་ཆེན་དུ་རྐྱེན་ལམ་དུ་ཤོར་བའི་མི་གྲངས་ཆེས་མང་ཟེར།
ཐུར་ཁེའི་ཨ་ནཱ་ཏའོ་ལུའུ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། རྒུད་སྐྱོབ་མི་སྣས་ཚེས་བདུན་ཉིན་ཧཱ་ཐཱ་དབྱེ་ཞིང་ཆེན་ནས་མ་བུ་གསུམ་བསྐྱབས་པ་དང་། སྲོག་ཉེན་ལས་ཐར་བའི་མི་དེ་གསུམ་རྡིབས་སྐྱོན་ཤོར་བའི་ཁང་བའི་ཞིག་རོའི་འོག་མནན་ནས་དུས་ཚོད་སོ་གསུམ་འགོར་ཡོད་པ་རེད། ཅཱ་ཅི་ཨན་ཐེ་ཕུའུ་ཞིང་ཆེན་ནས་ལོ་གཅིག་དང་ཕྱེད་ཀར་སོན་པའི་མཚེ་མ་དང་དེའི་ཕ་མ་གཉིས་བཅས་རྡིབས་སྐྱོན་བྱུང་བའི་ཁང་བའི་ཞིག་རོའི་འོག་མནན་ནས་དུས་ཚོད་བཞི་བཅུ་འགོར་རྗེས་བསྐྱབས་པ་རེད།
ཐུར་ཁེའི་འཕྲོད་བསྟེན་པུའུ་ཀྲང་ཁི་ཅཱ་ཡིས་ཉིན་དེའི་དགོང་མོར་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། མིག་སྔར་ནམ་ཟླའི་ཆ་རྐྱེན་མི་ལེགས་པ་དང་། རྒུད་སྐྱོབ་མི་སྣ་དག་གནོད་ཐེབས་ས་ཁུལ་མང་བོ་ཞིག་ལ་འབྱོར་ཐབས་མེད་ཀྱང་། རྒུད་སྐྱོབ་མི་སྣས་སྔར་བཞིན་དུས་ཚོད་དམ་འཛིན་བྱས་ནས་མྱུར་སྐྱོབ་བྱེད་བཞིན་ཡོད་ཟེར། ཐུར་ཁེའི་རྒྱལ་སྲུང་བློན་ཆེན་ཨ་ཁཱ་ཨར་གྱིས་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཐུར་ཁེའི་དྲག་ཆས་དམག་དཔུང་གིས་ཉིན་དེར་གནོད་ཐེབས་ས་ཁུལ་དུ་ཐོལ་བརྒལ་སྒར་ཤོག་དགུ་མངག་ཡོད་པ་དང་། མིག་སྔར་གནོད་ཐེབས་ས་ཁུལ་གྱི་དམག་མིའི་ཁ་གྲངས་སྟོང་བདུན་དང་ལྔ་བརྒྱར་བསླེབས་ཡོད་ཟེར། དམག་ཕྱོགས་ཀྱིས་ཚེས་བརྒྱད་ཉིན་ད་རུང་མི་སྟོང་གཅིག་དང་ལྔ་བརྒྱ་གནོད་ཐེབས་ས་ཁུལ་དུ་མངག་གཏོང་བྱེད་རྒྱུ་ཡིན་ལ། གནོད་ཐེབས་ས་ཁུལ་དུ་ཡོད་པའི་བཅའ་སྡོད་དམག་དཔུང་གི་ལས་ཁུངས་དང་དམག་སྒར་ཚང་མ་གནོད་ཐེབས་མང་ཚོགས་ལ་སྒོ་འབྱེད་བྱེད་རྒྱུ་ཡིན་ཟེར།
ས་ཡོམ་ཁྲོད་ཀྱི་འདས་པོར་མྱ་ངན་ཞུ་ཆེད། ཐུར་ཁེའི་སྲིད་གཞུང་གིས་རྒྱལ་ཡོངས་ནས་ཉིན་བདུན་ལ་མྱ་ངན་ཞུ་རྒྱུ་དང་། རིམ་པ་སོ་སོའི་སློབ་གྲྭ་དག་གིས་གཟའ་འཁོར་གཅིག་རིང་སློབ་ཁྲིད་མཚམས་འཇོག་རྒྱུ་ཁྱབ་བསྒྲགས་བྱས། ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་གྱིས་ཚེས་བདུན་ཉིན་ཁྱབ་བསྒྲགས་བྱས་དོན། ས་ཡོམ་གྱི་ཤུགས་རྐྱེན་ཐེབས་པའི་ཞིང་ཆེན་བཅུ་ནས་ཟླ་ངོ་གསུམ་རིང་དོགས་ཟོན་མཐོར་འདེགས་བྱས་ཏེ། རྒུད་སྐྱོབ་བྱ་བ་དང་ས་ཡོམ་གྱི་འབྲེལ་ཡོད་ཞིབ་འཇུག་མྱུར་དུ་སྤེལ་བར་འགན་སྲུང་བྱེད་རྒྱུ་ཡིན་པ་དང་། མིག་སྔར་ཐུར་ཁེའི་ས་ཡོམ་གནོད་ཐེབས་ས་ཁུལ་གྱི་རྒུད་སྐྱོབ་མི་སྣའི་ཁ་གྲངས་ཁྲི་ལྔ་ལས་བརྒལ་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།