ཀྲུང་གོ་དང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་རང་དབང་ཉོ་ཚོང་ས་ཁུལ་གྱི་པར་གཞི་གསུམ་ཚེག་ཐིག་གི་གྲོས་མོལ་གྱིས་སྐོར་ཐེངས་དང་པོའི་གྲོས་མོལ་སྤེལ་མགོ་བརྩམས། 
2023.02.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 11

གསར་འགོད་པས་ཚེས་བདུན་ཉིན་ཀྲུང་གོའི་ཚོང་དོན་པུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཟླ་གཉིས་པའི་ཚེས་བདུན་ཉིན། ཀྲུང་གོ་དང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་རང་དབང་ཉོ་ཚོང་ས་ཁུལ་གྱི་པར་གཞི་གསུམ་ཚེག་ཐིག་གི་གྲོས་མོལ་གྱིས་སྐོར་ཐེངས་དང་པོའི་གྲོས་མོལ་སྤེལ་མགོ་བརྩམས་ཡོད། 

རྒྱུས་ལོན་བྱུང་བ་ལྟར་ན། ཀྲུང་གོ་དང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་སོ་སོའི་གཙོ་གཉེར་སྡེ་ཁག་དང་། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་དྲུང་ཡིག་ཁྲུའུ་ཡི་དཔོན་རིགས་དག་བརྙན་རིས་ཀྱི་ཐབས་ལ་བརྟེན་ནས་གྲོས་ཚོགས་ལ་ཞུགས། ཕྱོགས་གཉིས་ཀྱིས་གྲོས་མོལ་གྱི་ལས་རིམ་སྒྲིག་སྲོལ་དང་རྩ་འཛུགས་བཀོད་སྒྲིག བྱ་བའི་འཆར་གཞི་སོགས་གྲོས་གཞིའི་ཐད་ནས་གྲོས་བསྡུར་ཟབ་མོ་བྱས་ཏེ། རྗེས་མཐུད་ཀྱི་གྲོས་མོལ་ལ་དུས་ཚོད་རེའུ་མིག་དང་ལམ་ཐིག་འཆར་གཞི་གཏན་འབེབས་བྱེད་རྒྱུ་རེད། 

ཉིས་སྟོང་ཉེར་གཉིས་ལོའི་ཟླ་བཅུ་གཅིག་པར། ཀྲུང་གོ་དང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱིས་མཉམ་དུ་ཀྲུང་གོ་དང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་རང་དབང་ཉོ་ཚོང་ས་ཁུལ་གྱི་པར་གཞི་གསུམ་ཚེག་ཐིག་གི་གྲོས་མོལ་དངོས་སུ་སྤེལ་མགོ་བརྩམས་པ་ཁྱབ་བསྒྲགས་བྱས། ཕྱོགས་གཉིས་ཀྱིས་གྲོས་མོལ་དེ་དངོས་ཟོང་ཉོ་ཚོང་དང་དངུལ་གཏོང་། གྲངས་ལྡན་དཔལ་འབྱོར། ལྷད་མེད་དཔལ་འབྱོར་སོགས་ཁྱབ་ཁོངས་མང་བོར་ཁེབས་པར་བྱེད་པ་དང་། སྔར་ལས་བཟོད་སྒོམ་དང་དེང་རབས་ཅན་གྱི་ཕྱོགས་ཡོངས་གཉིས་ཕན་བཅས་ལྡན་པའི་ཀྲུང་གོ་དང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་རང་དབང་ཉོ་ཚོང་ས་ཁུལ་གསར་འཛུགས་བྱེད་པར་ཡིད་འཐད་བྱུང་ཡོད། 


བསོད་ནམས་ཚེ་རིང་གིས་བསྒྱུར།