མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་དྲུག་ཉིན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མྱུར་མོར་བྲེལ་མྱུར་འགུལ་སྐྱོད་སྤེལ་ནས། ཞི་བདེ་དང་དཔལ་འབྱོར་འཕེལ་རྒྱས་མངོན་འགྱུར་བྱས་ནས། སྔར་ལས་ལྷག་པའི་སྒོ་ནས་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་།
ཀུའུ་ཐི་ལོས་སི་ཡིས་ཉིན་དེར་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉིས་སྟོང་ཉེར་གསུམ་ལོའི་བྱ་བ་གཙོ་བོ་རྒྱས་བཤད་བྱེད་སྐབས་ནན་གྱིས་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ད་ལོར་ངེས་པར་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་དང་འཛམ་གླིང་འགྲོ་མིའི་ཐོབ་ཐང་བསྒྲགས་གཏམ་གཞིར་བཟུང་ནས། སྔར་ལས་བདེ་འཇགས་དང་ཞི་བདེ། རྒྱུན་མཐུད་བཅས་ཀྱི་འཇིག་རྟེན་ཞིག་འཛུགས་སྐྲུན་བྱེད་དགོས་ཟེར།
ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། ཝུའུ་ཁི་ལན་གྱི་ཉམས་ཉེན་དང་ནམ་ཟླའི་བྲེལ་མྱུར་གནས་ཚུལ། ཇེ་ཆེར་འགྲོ་བཞིན་པའི་ཉིང་རྡུལ་ནུས་པའི་འཇིགས་ཉེན། དེ་མིན་འཛམ་གླིང་ཡོངས་ཀྱི་ཚད་ལྡན་ལམ་ལུགས་ལ་གཏོར་བརླག་ཐེབས་པ་ལས། འཛམ་གླིང་ཧྲིལ་བོ་ཆགས་འཇིགས་ཀྱི་མཐའ་རུ་ལྷུང་ཡོད། ད་ལྟ་ཞི་བདེ་ལ་བཟུང་བའི་ལྟ་སྟངས་བཅོས་བསྒྱུར་བྱེད་པའི་དུས་ལ་བབས་ཡོད་ཅིང་། ཡང་བསྐྱར་སྒྲིག་ཡིག་ལ་དམ་བཅའ་འཇོག་པ་དང་། འགྲོ་མིའི་ཐོབ་ཐང་དང་ལ་རྒྱ་དེ་གོ་གནས་གལ་ཆེན་དུ་འཇོག་དགོས།
ད་ལོ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཞི་བདེའི་འགུལ་སྐྱོད་སྤེལ་ནས་ལོ་ངོ་དོན་ལྔ་འགོར་བའི་ལོ་རེད། ཀུའུ་ཐི་ལོས་སི་ཡིས་དམག་དཔུང་ཉུང་འཕྲི་དང་དམག་ཆས་ཚོད་འཛིན་དེ་ཡང་བསྐྱར་གོ་གནས་གལ་ཆེན་དུ་བཞག་སྟེ། ཉིང་རྡུལ་ནུས་པའི་མཚོན་ཆའི་འཇིགས་ཉེན་ཇེ་ཉུང་དུ་གཏོང་བ་དང་། ཧུར་ཐག་སྒོས་ཉིང་རྡུལ་མཚོན་ཆ་རྩ་བ་ནས་མེད་པར་གཏོང་བ་མངོན་འགྱུར་བྱེད་དགོས་པའི་འབོད་སྐུལ་བཏང་།
འཕེལ་རྒྱས་གནད་དོན་གླེང་སྐབས་ཀུའུ་ཐི་ལོས་སི་ཡིས་བསྟན་དོན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངེས་པར་དུ་མཐུན་སྒྲིལ་བྱས་ཤིང་། ཐོན་ཁུངས་ལེགས་སྒྲིག་བྱས་ཏེ། འཕེལ་རྒྱས་ཁྲོད་ནས་དཔལ་འབྱོར་ཚོགས་པས་འཁོར་རྒྱུག་མ་དངུལ་སློབ་གསོ་དང་དམངས་ཡོངས་ཀྱི་འཕྲོད་བསྟེན་བདེ་སྲུང་། ནད་ཡམས་སྔོན་འགོག སྤྱི་ཚོགས་འགན་སྲུང་སོགས་ཀྱི་ཐད་བཀོལ་བར་སྟབས་བདེ་བཟོ་དགོས་ཟེར།
ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། འཕེལ་རྒྱས་དབང་ཆ་དང་། དག་གཙང་དང་བདེ་ཐང་། རྒྱུན་མཐུད་ཁོར་ཡུག་ལོངས་སུ་སྤྱོད་པའི་དབང་ཆ་གཅིག་ལ་གཅིག་བརྟེན་ཡིན་ཟེར། ཁོས་ལོ་ངོ་བཅུའི་ནང་འཛམ་གླིང་ཡོངས་ཀྱི་དྲོད་རླངས་ཕྱིར་གཏོང་གི་ཚད་ཕྱེད་ཙམ་ཇེ་དམའ་རུ་གཏོང་དགོས་པའི་སྐུལ་མ་བཏང་བ་དང་། ཅུང་འབྱོར་ཕྱུག་ལྡན་པའི་རྒྱལ་ཁབ་དག་གིས་ཉུང་མཐར་ཡང་ན་ནིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནམ་ཟླའི་འགྱུར་ལྡོག་གི་སྒྲོམ་གཞིའི་སྤྱི་ཆིངས་བཀོད་པའི་ཕྱོགས་ཁག་གི་ཚོགས་ཆེན་ཐེངས་ཉེར་བདུན་པའི་སྟེང་ཁས་ལེན་བྱས་པའི་དམ་བཅའ་མངོན་འགྱུར་བྱེད་དགོས་པའི་སྐུལ་མ་བཏང་།
བསོད་ནམས་ཚེ་རིང་གིས་བསྒྱུར།