དབྱི་ལིང་གི་ཙུང་ཐུང་གིས་བཀའ་རྒྱ་བཀོད་དེ་དབྱི་ལིང་ཧྲང་ཧེ་མཉམ་ལས་རྩ་འཛུགས་ནང་ཞུགས་པའི་འབྲེལ་ཡོད་བཅའ་ཁྲིམས་ལག་བསྟར་བྱས། 
2023.02.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18

དབྱི་ལིང་གི་ཙུང་ཐུང་ལའེ་ཞེ་ཡིས་ཚེས་བདུན་ཉིན་བཀའ་རྒྱ་བཀོད་དེ། དབྱི་ལིང་ཧྲང་ཧེ་མཉམ་ལས་རྩ་འཛུགས་ནང་ཞུགས་པའི་འབྲེལ་ཡོད་བཅའ་ཁྲིམས་ལག་བསྟར་བྱེད་དགོས་པའི་རེ་བ་བཏོན། 

དབྱི་ལིང་གི་ཙུང་ཐུང་དྲ་ཚིགས་ཀྱིས་སྤེལ་བའི་གསལ་སྒྲོག་ལྟར་ན། ལའེ་ཞེ་ཡིས་ཉིན་དེར་དབྱི་ལིང་ཧྲང་ཧེ་མཉམ་ལས་རྩ་འཛུགས་ནང་ཞུགས་པའི་འབྲེལ་ཡོད་བཅའ་ཁྲིམས་དེ་དབྱི་ལིང་ཕྱི་འབྲེལ་པུའུ་ལ་ལག་བསྟར་བྱེད་པར་སྤྲད་ཟེར། གསལ་སྒྲོག་ལས་བཤད་རྒྱུར། ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱིས་དཔལ་འབྱོར་སོགས་ཁྱབ་ཁོངས་མང་བོར་ཧུར་ཐག་སྒོས་བྱ་འགུལ་སྤེལ་བཞིན་ཡོད་ཅིང་། དབྱི་ལིང་རྩ་འཛུགས་དེར་དངོས་སུ་ཞུགས་རྗེས་ཕན་ནུས་ལྡན་པའི་སྒོ་ནས་རང་གི་འབྲེལ་ཡོད་ཁྱབ་ཁོངས་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་ཐུབ། དེ་ལས་གཞན་དབྱི་ལིང་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཏུ་འགྱུར་བའི་གལ་ཆེན་རང་བཞིན་གཅིག་ནི་དབྱི་ལིང་བརྒྱུད་གཅིག་ལམ་གཅིག་གི་གྲོས་གཞིའི་ནང་ཞུགས་པར་སྐུལ་འདེད་གཏོང་རྒྱུ་དེ་ཡིན་ཟེར། 

ཉིས་སྟོང་ཉེར་གཉིས་ལོའི་ཟླ་དགུ་བར་ཝུའུ་ཙི་པེ་ཁི་སི་ཐན་གྱི་སཱ་མཱ་ཨར་ཧན་ནས་སྤེལ་བའི་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གི་མགོ་གཙོའི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་ཉེར་གཉིས་པ་ནས་དབྱི་ལིང་ཧྲང་ཧེ་མཉམ་ལས་རྩ་འཛུགས་སུ་ཞུགས་པའི་འོས་འགན་སྐོར་གྱི་བཟོད་སྒོམ་བརྗེད་ཐོ་བཀོད། དབྱི་ལིང་གྲོས་ཁང་གིས་ན་ནིང་ཟླ་བཅུ་གཅིག་པའི་ཚེས་ཉེར་བདུན་ཉིན་འདེམ་ཤོག་མང་ཆེ་བ་ཡིད་འཐད་བྱུང་སྟེ་དབྱི་ལིང་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཏུ་འགྱུར་བའི་བཅའ་ཁྲིམས་འཆར་ཟིན་ལ་གྲོས་འཆམ་བྱུང་། ད་ལོའི་ཟླ་དང་པོའི་ཚེས་ཉེར་བརྒྱད་ཉིན། དབྱི་ལིང་རྩ་ཁྲིམས་ལྟ་རྟོག་ཨུ་ཡོན་ལྷན་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཨུ་ཡོན་ལྷན་ཁང་དེས་བཅའ་ཁྲིམས་འཆར་ཟིན་དེར་ཆོག་མཆན་བཀོད་ཡོད་པ་རེད། 


བསོད་ནམས་ཚེ་རིང་གིས་བསྒྱུར།