ནེའུ་ཙེ་ལན་གྱི་ཙུང་ལི་ཡིས་ནེའུ་ཙེ་ལན་དང་ཀྲུང་གོའི་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་འབད་འབུངས་བྱེད་རྒྱུའི་ཚུལ་བསྟན། 
2023.02.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 25

ནེའུ་ཙེ་ལན་གྱི་ཙུང་ལི་ཞེ་ཕུའུ་ཅིན་སི་ཡིས་ཚེས་བདུན་ཉིན་བསྟན་དོན། ཀྲུང་གོ་ནི་ནེའུ་ཙེ་ལན་གྱི་གྲོགས་པོ་གལ་ཆེན་ཡིན་པ་དང་། ནེའུ་ཙེ་ལན་ཕྱོགས་ཀྱིས་མུ་མཐུད་དུ་ཀྲུང་གོའི་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར། 

ཉིན་དེར་ཞེ་ཕུའུ་ཅིན་སི་དང་ཨོ་སི་ཁྲུ་ལི་ཡཱའི་ཙུང་ལི་ཨ་ཨར་པཱ་ནེ་སི་གཉིས་ཀྱིས་ཨོ་སི་ཁྲུ་ལི་ཡཱའི་རྒྱལ་ས་ཁན་ཕའེ་ལཱ་ནས་གྲོས་མོལ་བྱས། དེའི་རྗེས་སུ་ཞེ་ཕུའུ་ཅིན་སི་ཡིས་ཀྲུང་གོའི་བར་གྱི་སྲིད་ཇུས་ཐད་ནས་གསར་འགོད་པའི་དྲི་བར་ལན་འདེབས་སྐབས་བསྟན་དོན། ཀྲུང་གོ་ནི་ནེའུ་ཙེ་ལན་གྱི་གྲོགས་པོ་གལ་ཆེན་ཡིན་ཞིང་། ཉོ་ཚོང་ཁྱབ་ཁོངས་ཙམ་དུ་མ་ཟད་གཞན་པའི་ཁྱབ་ཁོངས་མང་བོའི་གྲོགས་པོ་ཡིན། ཕྱོགས་གཉིས་བར་མཚམས་རེར་འགལ་བ་ཙམ་ཡོད་ཀྱང་། ནེའུ་ཙེ་ལན་ཕྱོགས་ཀྱིས་མུ་མཐུད་དུ་ཀྲུང་གོའི་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

ནེའུ་ཙེ་ལན་ཨ་མེ་རི་ཁ་དང་དབྱིན་ཇི། ཨོ་སི་ཁྲུ་ལི་ཡཱ་བཅས་ཕྱོགས་གསུམ་གྱི་བདེ་འཇགས་གྲོགས་པོའི་འབྲེལ་བའི་གྲོས་ཆོད་ནང་ཞུགས་མིན་ཐད་ནས་ཞེ་ཕུའུ་ཅིན་སི་ཡིས་བསྟན་དོན། ནེའུ་ཙེ་ལན་གྱི་ཕྱི་འབྲེལ་སྲིད་ཇུས་ལ་ཙུང་ལིའི་བརྗེ་སྤོར་དབང་གིས་འགྱུར་ལྡོག་འབྱུང་མི་སྲིད་པ་དང་། ནེའུ་ཙེ་ལན་གྱིས་ཉིང་རྡུལ་ནུས་པ་མེད་པའི་སྲིད་ཇུས་ལག་བསྟར་བྱེད་པར་འགྱུར་ལྡོག་འབྱུང་མི་སྲིད་ཟེར། 

ད་ལོའི་ཟླ་དང་པོར། ནེའུ་ཙེ་ལན་གྱི་སྐབས་དེའི་ཙུང་ལི་ཨ་ཏི་ཨིན་གྱིས་ལས་འཁྱུར་དགོངས་ཞུ་བྱས་པ་དང་། སྲིད་འཛིན་ཏང་བཟོ་བའི་ཏང་གིས་ཞེ་ཕུའུ་ཅིན་སི་ཏང་གཙོར་བསྐོ་འཇོག་བྱས། ནེའུ་ཙེ་ལན་གྱི་ཆབ་སྲིད་ལམ་ལུགས་ལྟར་ན། སྲིད་འཛིན་ཏང་གི་ཏང་གཙོ་ཡིས་ཙུང་ལིའི་འགན་ཁུར་དགོས་པ་རེད། ཟླ་དང་པོའི་ཚེས་ཉེར་ལྔ་ཉིན། ཞེ་ཕུའུ་ཅིན་སི་ཡིས་དམ་བཅའ་བཞག་སྟེ་ནེའུ་ཙེ་ལན་གྱི་ཙུང་ལིའི་འགན་ཁུར་བ་རེད། 


བསོད་ནམས་ཚེ་རིང་གིས་བསྒྱུར།