པེད་ཏིན་གྱིས་འགན་ཡུན་ནང་གི་རྒྱལ་ཁབ་གནས་ཚུལ་སྐོར་གྱི་གཏམ་བཤད་ཐེངས་གཉིས་པ་སྤེལ། 
2023.02.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 28

ཨ་མེ་རི་ཁའི་མང་ཚོགས་མང་བོ་ད་ལྟའི་གནས་ཚུལ་ལ་ཡིད་མི་ཚིམས་པ་དང་མ་འོངས་པར་ཡིད་ཆེས་མེད་པའི་གནས་ཚུལ་འོག ཨ་མེ་རི་ཁའི་ཙུང་ཐུང་པེད་ཏིན་གྱིས་ཚེས་བདུན་ཉིན་གྱི་དགོང་མོར་རྒྱལ་ཚོགས་ནས་འགན་ཡུན་ནང་གི་རྒྱལ་ཁབ་གནས་ཚུལ་སྐོར་གྱི་གཏམ་བཤད་ཐེངས་གཉིས་པ་སྤེལ། དཔལ་འབྱོར་དང་དམངས་འཚོ། བདེ་འཇགས། ཏང་ཁག་ཆབ་སྲིད། ཕྱི་ཕྱོགས་འབྲེལ་བ་སོགས་གླེང་གཞི་གཙོར་བཟུང་ཡོད། 

པེད་ཏིན་གྱིས་གཏམ་བཤད་སྤེལ་སྐབས་རང་གི་འགན་ཡུན་ནང་བླངས་པའི་གྲུབ་འབྲས་གསལ་ཁྲ་བསྟན་པ་ད་ང་། དེའི་ནང་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ཐད་མ་དངུལ་བཏང་བ་དང་། ལས་ཞུགས་ལས་གནས་གསར་བསྐྲུན་བྱས་པ། དངུལ་ལོར་ཚད་བརྒལ་འགྲེམ་པ་ཞི་འཇགས་སུ་བཏང་བ། མཁོ་འདོན་མུ་རྒྱུན་གྱི་བདེ་འཇགས་མཐོར་འདེགས་བཏང་བ་སོགས་འདུས། པེད་ཏིན་གྱིས་ད་རུང་བུ་ལོན་གྱི་ཡ་མཐའི་ཚད་དང་སྨན་བཅོས་འགན་སྲུང་སོགས་རྩོད་གཞིར་གྱུར་བའི་གནད་དོན་གླེང་བས་ཡུལ་དངོས་ཀྱི་སྤྱི་མཐུན་ཏང་གི་མིས་མ་དགའ་བའི་རྣམ་འགྱུར་བསྟན། 

པེད་ཏིན་གྱིས་རྒྱལ་ཚོགས་ནས་ཧྥོ་ལོ་དབྱེ་ཏི་ཉེན་རྟོག་ཁྲིམས་བསྟར་དྲང་བདེན་བཅའ་ཁྲིམས་འཆར་ཟིན་ལ་གྲོས་མཐུན་འགོད་དགོས་པའི་འབོད་སྐུལ་བཏང་། བཅའ་ཁྲིམས་འཆར་ཟིན་དེར་ཨ་མེ་རི་ཁའི་ཉེན་རྟོག་པས་དྲག་ཤུགས་ཁྲིམས་བསྟར་བྱས་ནས་བསད་པའི་ཕ་ཡུལ་ཨ་ཧྥེ་རི་ཁ་གླིང་ནས་ཡིན་པའི་ཆའོ་ཀྲི་ཧྥོ་ལོ་དབྱེ་ཏི་ཡི་མིང་བཏང་ཡོད་ཀྱང་། སྤྱི་མཐུན་ཏང་དང་དམངས་གཙོ་ཏང་ཁག་གཉིས་བར་འགལ་བ་ཡོད་པའི་དབང་གིས་དངོས་འབེབ་བྱེད་ཐུབ་མེད། པེད་ཏིན་གྱིས་ད་རུང་ཏང་ཁག་གཉིས་ཀྱིས་མཉམ་ལས་བྱས་ཏེ་དཔུང་འཇུག་རང་བཞིན་གྱི་མཚོན་ཆར་ཚོད་འཛིན་བྱེད་དགོས་པའི་འབོད་སྐུལ་བཏང་། དབྱེ་ཞིབ་མི་སྣས་བལྟས་ན། ཨ་མེ་རི་ཁ་ནས་ཡང་དང་བསྐྱར་དུ་གཞི་རྒྱ་ཆེ་བའི་མེ་མདས་བརྒྱབ་པའི་དོན་རྐྱེན་བྱུང་བ་ལས་མེ་མདའི་ཚོད་འཛིན་གནད་དོན་ཐག་གཅོད་བྱེད་དཀའ་བ་མངོན་གསལ་རེད་ཟེར། 

པྲོག་གསར་གློ་ཚད་ཀྱི་གནས་ཚུལ་གླེང་སྐབས་པེད་ཏིན་གྱིས་ཨ་མེ་རི་ཁའི་མི་ས་ཡ་ལྷག་གི་ཚེ་སྲོག་ཤོར་ཡོད་པ་དང་། ཨ་མེ་རི་ཁས་མི་འགྱངས་པར་སྤྱི་བའི་འཕྲོད་བསྟེན་གྱི་བྲེལ་མྱུར་རྣམ་པ་མཇུག་སྒྲིལ་བར་བྱེད་རྒྱུ་ཡིན་ཡང་། པྲོག་གསར་གློ་ཚད་ནད་དུག་གི་གཤིས་འགྱུར་ལ་སྔར་བཞིན་ལྟ་རྟོག་བྱས་ནས་མུ་མཐུད་དུ་འགོག་སྨན་བརྒྱག་པ་དང་གསོ་བཅོས་ཞིབ་འཇུག་ལ་ཤུགས་སྣོན་བྱེད་རྒྱུ་ཡིན་ཟེར། 

པེད་ཏིན་གྱིས་ད་རུང་བསྟན་དོན། འཛམ་གླིང་ཧྲིལ་བོ་ནམ་ཟླའི་འགྱུར་ལྡོག་དང་སྤྱི་བའི་འཕྲོད་བསྟེན། འབྲུ་རིགས་བདེ་འཇགས། འཇིགས་སྐུལ་རིང་ལུགས་སོགས་ཁྱབ་ཁོངས་ཀྱི་འགྲན་རྩོད་ལ་འཕྲད་ཡོད་ཟེར། ཁོས་བཤད་རྒྱུར། ཨ་མ་རི་ཁ་དང་ཀྲུང་གོའི་འགྲན་རྩོད་འབྲེལ་བ་དེ་འཁྲུག་རྩོད་དུ་འགྱུར་མི་རུང་། ཨ་མེ་རི་ཁས་ཨ་མེ་རི་ཁ་དང་འཛམ་གླིང་གི་ཁེ་ཕན་ལ་འཚམ་པའི་ཕྱོགས་ནས་ཀྲུང་གོའི་བར་མཉམ་ལས་བྱེད་པར་བརྩོན་བཞིན་ཡོད་ཟེར། པེད་ཏིན་གྱིས་ད་རུང་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་ཁྲོད་མུ་མཐུད་དུ་ཝུའུ་ཁི་ལན་ལ་རྒྱབ་སྐྱོར་བྱེད་རྒྱུ་ཁས་ལེན་བྱས། 


བསོད་ནམས་ཚེ་རིང་གིས་བསྒྱུར།