འཇར་མན་རྒྱལ་སྲུང་པུའུ་ཡིས་ཚེས་བདུན་ཉིན་བཤད་རྒྱུར། འཇར་མན་དང་ཏན་མག ཧི་ལན་བཅས་ཀྱིས་ཝུའུ་ཁི་ལན་ལ་ཉུང་མཐར་ཡང་གསར་བསྒྱུར་བྱས་པའི་ཐན་ཁི་འཁོར་ལོ་བརྒྱ་འདོན་སྤྲོད་བྱེད་རྒྱུ་ཡིན་ཟེར།
འཇར་མན་རྒྱལ་སྲུང་པུའུ་ཡིས་ཚེས་བདུན་ཉིན་གསལ་སྒྲོག་སྤེལ་ཏེ། འཇར་མན་དང་ཏན་མག ཧི་ལན་བཅས་ཀྱིས་མཛོད་ཁང་ནས་ཝུའུ་ཁི་ལན་ལ་གསར་བསྒྱུར་བྱས་པའི་ཐན་ཁི་འཁོར་ལོ་འདོན་སྤྲོད་བྱེད་རྒྱུ་ཡིན་པ་དང་། དེའི་ནང་སྐོར་ཁག་དང་པོ་མ་འོངས་པའི་ཟླ་ངོ་འགའི་ནང་སྐྱེལ་རྒྱུ་ཡིན་ཟེར། གསལ་སྒྲོག་ལས་བཤད་རྒྱུར། ཝུའུ་ཁི་ལན་ལ་ཐན་ཁི་འཁོར་ལོ་དེ་རིགས་ཉུང་མཐར་ཡང་བརྒྱ་ཙམ་འབྱོར་ཐུབ། དེ་ལས་གཞན་ཝུའུ་ཁི་ལན་ལ་འདོད་སྤྲོད་བྱེད་པའི་རོགས་སྐྱོར་ལ་དམག་མིའི་གསོ་སྦྱོང་དང་སྒྲིག་ཆས་ཀྱི་ལྷུ་ལག མདེལ་རྫས་སོགས་འདུས། དེའི་སྔོན་འཇར་མན་གྱིས་ཝུའུ་ཁི་ལན་ལ་འདོན་སྤྲོད་བྱེད་པར་ཁས་ལེན་བྱེད་པའི་ཐན་ཁི་དང་བསྡུར་ན། ཐེངས་འདིའི་ཐན་ཁི་འཁོར་ལོ་ཅུང་རྙིང་བ་ཡིན་ཡང་། འཇར་མན་རྒྱལ་སྲུང་པུའུ་ཡིས་དེ་ཁ་གསབ་སྟོབས་ཤུགས་སུ་བྱས་ཆོག་པ་དང་། ཝུའུ་ཁི་ལན་གྱི་དྲག་ཆས་དམག་དཔུང་གི་འཐབ་འཛིང་ནུས་པར་ཤུགས་སྣོན་བྱེད་ཐུབ་ཟེར།
ཝུའུ་ཁི་ལན་གྱི་ཙུང་ཐུང་དྲ་ཚིགས་ཀྱིས་ཚེས་བདུན་ཉིན་བསྒྲགས་པ་ལྟར་ན། ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་ཡིས་ཅི་ཧྥུའུ་ནས་འཚམས་འདྲིར་ཡོང་བའི་འཇར་མན་གྱི་རྒྱལ་སྲུང་བློན་ཆེན་ཕིས་སི་ཐའོ་ལི་ཝུའུ་སི་ལ་ཐུག་འཕྲད་བྱས་པ་དང་། ཙེ་ལེན་སི་ཅི་ཡིས་འཇར་མན་གྱིས་བདེ་འཇགས་དང་ཆབ་སྲིད། དངུལ་ལོར། ནུས་ཁུངས་སོགས་ཁྱབ་ཁོངས་ནས་ཝུའུ་ཁི་ལན་ལ་རོགས་སྐྱོར་འདོན་སྤྲོད་བྱས་པར་བཀའ་དྲིན་ཞུས། ཕྱོགས་གཉིས་ཀྱིས་ད་རུང་འཇར་མན་གྱི་རྒྱབ་སྐྱོར་འོག་ཝུའུ་ཁི་ལན་གྱི་མཁའ་སྲུང་ནུས་པ་དང་འགོག་སྲུང་ནུས་པ་ཇེ་དྲག་ཏུ་གཏོང་བའི་བྱེ་བྲག་གི་བྱེད་ཐབས་སོགས་ལ་གྲོས་བསྡུར་བྱས།
ཨ་མེ་རི་ཁའི་སྲིད་གཞུང་གིས་ཚེས་བདུན་ཉིན་ཕོ་ལན་ལ་དམག་ཆས་ཕྱིར་འཚོང་བྱེད་པའི་ཇུས་གཞི་ཞིག་ཁྱབ་བསྒྲགས་བྱས་པ་དང་། སྤྱིའི་འབོར་གྲངས་མེ་སྒོར་ཐེར་ཆེན་གཅིག་ཙམ་ཡིན་ལ། དམིགས་ཡུལ་ནི་ཝུའུ་ཁི་ལན་གྱི་ཉམས་ཉེན་ཛ་དྲག་ཏུ་འགྱུར་བའི་གནས་ཚུལ་འོག བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཡིན་པའི་ཕོ་ལན་གྱི་རྒྱལ་སྲུང་ནུས་པར་ཤུགས་སྣོན་པའི་ཆེད་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།