ཡོ་རོབ་གླིང་མནའ་འབྲེལ་གྲོས་ཚོགས་ནས་ལྷད་མེད་འཕར་བསྒྱུར་དང་གཅིག་རྐྱང་ཚོང་རའི་གཏིང་ཟབ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་འབོད་སྐུལ་བཏང་། 
2023.02.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

སུའེ་ཏེན་གྱི་རྒྱལ་ས་སི་ཏི་ཀི་ཨར་མའོ་ནས་བསྡུས་པའི་ཡོ་རོབ་གླིང་མནའ་འབྲེལ་གྱི་འགྲན་རྩོད་ནུས་པའི་པུའུ་ཀྲང་གི་དངོས་གཞི་མིན་པའི་གྲོས་ཚོགས་ནས་ཚེས་བདུན་ཉིན་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་གྱིས་ལྷད་མེད་འཕར་བསྒྱུར་དང་གཅིག་རྐྱང་ཚོང་རའི་གཏིང་ཟབ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཟེར། 

སུའེ་ཏེན་གྱི་ཕྱི་ཕྱོགས་ཉོ་ཚོང་བློན་ཆེན་དང་རྒྱལ་སྤྱིའི་འཕེལ་རྒྱས་མཉམ་ལས་བློན་ཆེན་ཧྥུའུ་སེ་ཨར་གྱིས་ཉིན་དེར་སྤེལ་བའི་གསར་འགྱུར་སྤྱི་སྒྲོག་ནང་བཤད་རྒྱུར། དཔལ་འབྱོར་ཉམས་རྒུད་དུ་འགྲོ་བ་ལས་གཞན་ཝུའུ་ཁི་ལན་གྱི་ཉམས་ཉེན་དང་ནུས་ཁུངས་ཉམས་ཉེན། དངུལ་ལོར་ཚད་བརྒལ་འགྲེམས་པ། ནམ་ཟླའི་འགྱུར་ལྡོག་སོགས་ནི་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁེ་ལས་ཀྱི་འཕེལ་རྒྱས་ལ་ཤུགས་རྐྱེན་བཟོ་བའི་རྒྱུ་རྐྱེན་ཡིན། ཡོ་རོབ་གླིང་མནའ་འབྲེལ་གྱིས་གཅིག་རྐྱང་ཚོང་ར་འཕེལ་རྒྱས་སུ་བཏང་ནས་ལྷད་མེད་རིམ་འཕར་ལ་སྐུལ་འདེད་བཏང་སྟེ། དུས་ཡུན་རིང་བོའི་འགྲན་རྩོད་ནུས་པ་ཇེ་དྲག་ཏུ་གཏོང་དགོས་ཟེར། 

ཧྥུའུ་སེ་ཨར་གྱིས་ཉིན་དེའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན། ཚོགས་ཞུགས་པུའུ་ཀྲང་ཚོས་ཐུན་མོང་ལྟ་ཚུལ་བཀོད་ནས་ཡོ་རོབ་གླིང་མནའ་འབྲེལ་གྱིས་ད་ཡོད་ཀྱི་འགྲན་རྩོད་ཐག་གཅོད་བྱེད་པའི་དུས་ཐུང་བྱེད་ཐབས་ཚང་མ་དགོས་གལ་ཆེ་ཡང་། བྱེད་ཐབས་དེས་ལྷད་མེད་རིམ་འཕར་གྱི་དུས་ཡུན་རིང་བོའི་དམིགས་འབེན་ལ་གནོད་པ་གཏོང་མི་རུང་ཟེར། ཁོས་ནན་གྱིས་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་གྱི་གཅིག་རྐྱང་ཚོང་ར་དང་དེའི་འཐུས་ཚང་རང་བཞིན་ལ་སྲུང་སྐྱོབ་བྱེད་དགོས་པ་དང་། ཁྱད་པར་དུ་ཞབས་ཞུ་དང་གྲངས་ལྡན་ཁྱབ་ཁོངས་སུ་ཕྱོགས་ཡོངས་ནས་འཕེལ་རྒྱས་དང་གཏིང་ཟབ་ཏུ་གཏོང་དགོས་ཟེར། 

སུའེ་ཏེན་གྱི་དབུ་བཞུགས་བློན་ཆེན་གཞོན་པའམ་ནུས་ཁུངས་དང་བཟོ་ཚོང་བློན་ཆེན་པུའུ་ཧྲི་ཡིས་གསར་འགྱུར་ལས་རིགས་ལ་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཐཱན་མེད་པའི་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་ཐད་སྔོན་ཐོན་ཆུ་ཚད་སྲུང་འཛིན་བྱེད་པར་ཁག་ཐེག་བྱེད་ཆེད། གྲོས་ཚོགས་ནས་གཙོ་བོ་ཡོ་རོབ་གླིང་མནའ་འབྲེལ་གྱི་ལྷད་མེད་བཟོ་ལས་འཆར་གཞིའི་ཇུས་འདོན་ལ་གྲོས་བསྡུར་བྱས་ཡོད་ཟེར། 

ཐེངས་འདིའི་གྲོས་ཚོགས་ནི་ཚེས་དྲུག་ཉིན་ནས་ཚེས་བརྒྱད་ཉིན་བར་སྤེལ་བ་དང་། ལྷད་མེད་རིམ་འཕར་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་གཅིག་རྐྱང་ཚོང་ར། ཚན་རིག་ཞིབ་འཇུག་གི་གནད་དོན་བཅས་གཙོར་བཟུང་ཡོད། 

                                                                               བསོད་ནམས་ཚེ་རིང་གིས་བསྒྱུར།