ས་ཡོམ་ལས་ཐུར་ཁེ་དང་སི་རི་ཡཱ་རྒྱལ་ཁབ་གཉིས་ཀྱི་མི་ཁྲི་གཅིག་དང་སྟོང་གཅིག་ལྷག་རྐྱེན་ལམ་དུ་ཤོར། 
2023.02.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 32

ཐུར་ཁེ་དང་སི་རི་ཡཱའི་སྲིད་གཞུང་དང་རྒུད་སྐྱོབ་ཕྱོགས་ཀྱིས་ཚེས་བརྒྱད་ཉིན་བསྒྲགས་པའི་གནས་ཚུལ་གསར་བ་ལྟར་ན། ཐུར་ཁེའི་ལྷོ་ཕྱོགས་ཀྱི་སི་རི་ཡཱ་དང་ཉེ་བའི་མཐའ་མཚམས་ས་ཁུལ་དུ་བྱུང་བའི་ས་ཡོམ་དྲག་པོ་ལས་རྒྱལ་ཁབ་གཉིས་ཀྱི་མི་ཁྲི་གཅིག་དང་སྟོང་གཅིག་ལྷག་རྐྱེན་ལམ་དུ་ཤོར་བ་དང་། མི་ཁྲི་ལྔ་དང་སྟོང་བཞི་ཙམ་ལ་རྨས་ཕོག་ཟེར། ཀྲུང་གོའི་རྒུད་སྐྱོབ་རུ་ཁག་ཉིན་དེར་ཐུར་ཁེའི་ས་ཡོམ་གྱི་གནོད་འཚེ་ཚབས་ཆེ་བའི་ཧཱ་ཐཱ་དབྱེ་ཞིང་ཆེན་གྱི་ཧཱ་ཐཱ་དབྱེ་གྲོང་ཁྱེར་དུ་འབྱོར་ནས། རྒུད་སྐྱོབ་འགུལ་སྐྱོད་ལག་བསྟར་བྱེད་རྩིས་ཡོད། 

ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་གྱིས་ཚེས་བརྒྱད་ཉིན་ས་ཡོམ་བྱུང་སའི་ལྟེ་གནས་ཁཱ་ཧི་ལཱ་མན་མཱ་ལཱ་ཧྲི་ཞིང་ཆེན་གྱི་ཁཱ་ཧི་ལཱ་མན་མཱ་ལཱ་ཧྲི་གྲོང་ཁྱེར་དུ་རྟོག་ཞིབ་བྱས། ཁོས་བཤད་རྒྱུར། ཐེངས་འདིའི་ས་ཡོམ་ལས་ཐུར་ཁེའི་རྒྱལ་ཡོངས་སུ་མི་སྟོང་བརྒྱད་དང་ལྔ་བརྒྱ་དོན་བཞི་རྐྱེན་ལམ་དུ་ཤོར་བ་དང་། མི་ཁྲི་ལྔ་ཙམ་ལ་རྨས་ཕོག་ཡོད་ཟེར། སི་རི་ཡཱའི་འཕྲོད་བསྟེན་པུའུ་དང་རྒུད་སྐྱོབ་ལས་ཁུངས་ཀྱིས་ཚེས་བརྒྱད་ཉིན་བསྒྲགས་པ་ལྟར་ན། སི་རི་ཡཱའི་མངའ་ཁོངས་སུ་རྐྱེན་ལམ་དུ་ཤོར་བའི་མི་གྲངས་སྟོང་གཉིས་དང་ལྔ་བརྒྱར་བསླེབས་ཡོད་པ་དང་། གཞན་ཡང་མི་སྟོང་བཞི་ལྷག་ལ་རྨས་ཕོག་ཡོད་ཟེར། 

ཨེ་ཨར་ཏའོ་ཨན་གྱིས་བཤད་རྒྱུར། ས་ཡོམ་བྱུང་བའི་ཉིན་དེར་སྲིད་གཞུང་འཕྲལ་བསྟུན་ཐག་གཅོད་བྱ་བར་གནད་དོན་རེ་འགའ་བྱུང་བ་དོན་དངོས་ཡིན་ཡང་། མིག་སྔར་གནས་བབ་ལ་ཚོད་འཛིན་བྱུང་ཡོད་ཟེར། ཨེ་ཨར་ཏའོ་ཨན་གྱིས་ད་རུང་བཤད་རྒྱུར། གནོད་ཐེབས་མང་ཚོགས་དག་གནས་སྐབས་སུ་ས་དཀྱིལ་མཚོ་ཁོངས་ཀྱི་གནས་སྐོར་གྲོང་ཁྱེར་ཨན་ཐཱ་ལེ་ཡཱ་དང་མཱེ་ཨར་ཞིན་སོགས་ས་ཁུལ་གྱི་མགྲོན་ཁང་དུ་བསྡད་ཆོག་པ་དང་། སྲིད་གཞུང་གིས་གནོད་ཐེབས་ཁྱིམ་ཚང་རེ་རེ་བཞིན་ཁ་གསབ་མ་དངུལ་སྟེར་རྒྱུ་ཡིན་ལ། མ་འོངས་པའི་ལོ་གཅིག་གི་ནང་གནོད་འཚེ་ཐེབས་པའི་ཞིང་ཆེན་བཅུའི་གནོད་ཐེབས་མང་ཚོགས་དག་ལ་སྡོད་ཁང་གསར་བ་ལས་རྒྱུ་ཡིན་ཟེར། 

ཀྲུང་གོའི་རྒུད་སྐྱོབ་རུ་ཁག་གི་མི་གྱ་གཉིས་གནམ་གྲུར་བསྡད་དེ་སྤྱི་ལེ་སྟོང་བརྒྱད་ལྷག་ལ་འཕུར་རྗེས། ཚེས་བརྒྱད་ཉིན་གྱི་ཞོགས་པའི་དུས་ཚོད་བཞི་དང་སྐར་མ་སུམ་ཅུའི་སྟེང་ཐུར་ཁེའི་ཨ་ཏཱ་ནཱ་གནམ་གྲུ་ཐང་དུ་འབྱོར། ཚེས་བརྒྱད་ཉིན་གྱི་ཕྱི་དྲོའི་དུས་ཚོད་གཅིག་དང་ཕྱེད་ཀའི་སྟེང་། དུས་ཚོད་འགའི་རིང་དཀའ་སྡུག་གིས་འགྲུལ་བཞུད་བྱས་པ་བརྒྱུད་ཀྲུང་གོའི་རྒུད་སྐྱོབ་རུ་ཁག་ས་ཡོམ་གྱི་གནོད་འཚེ་ཐེབས་པ་ཚབས་ཆེ་བའི་ཧཱ་ཐཱ་དབྱེ་ཞིང་ཆེན་གྱི་ཧཱ་ཐཱ་དབྱེ་གྲོང་ཁྱེར་དུ་འབྱོར་བ་རེད། ས་དེའི་དཔོན་རིགས་ཀྱི་བཀོད་སྒྲིག་ལྟར། རྒུད་སྐྱོབ་རུ་ཁག་གིས་ས་ཁོངས་གཉིས་སུ་སྔོག་བཤེར་འགུལ་སྐྱོད་སྤེལ་རྒྱུ་རེད། 

ཨུ་རུ་སིའི་བྲེལ་མྱུར་གནས་ཚུལ་པུའུ་ཡིས་ཚེས་བརྒྱད་ཉིན་བསྒྲགས་པ་ལྟར་ན། ཨུ་རུ་སིའི་ཕྱོགས་ཀྱིས་ཐུར་ཁེ་རུ་ས་ཡོམ་རྒུད་སྐྱོབ་རུ་ཁག་གཉིས་མངག་གཏོང་བྱེད་རྒྱུ་ཐག་བཅད་ཡོད་པ་དང་། རྒུད་སྐྱོབ་རུ་ཁག་དེ་རྒུད་སྐྱོབ་མི་སྣ་ལྔ་བཅུ་དང་སྨན་པ་བཅུ་གཅིག་གིས་གྲུབ་ཡོད་ལ། སྐྱེལ་འདྲེན་གནམ་གྲུར་བསྡད་དེ་གནོད་ཐེབས་ས་ཁུལ་དུ་སོང་ཡོད་ཟེར། 

མཉམ་འབྲེལ་རྒྱལ་ཚོགས་ཀྲུང་དབྱང་འཕྲལ་བསྟུན་ཐེབས་རྩ་ཚོགས་པས་ཚེས་བདུན་ཉིན་མེ་སྒོར་བྱེ་བ་གཉིས་དང་ས་ཡ་ལྔའི་མ་དངུལ་བཏང་སྟེ། ཐུར་ཁེ་དང་སི་རི་ཡཱའི་ས་ཡོམ་རྗེས་ཀྱི་མི་ཆོས་རིང་ལུགས་ཀྱི་འགུལ་སྐྱོད་ལ་རྒྱབ་སྐྱོར་བྱེད་པའི་ཐད་གཏོང་རྒྱུ་ཁྱབ་བསྒྲགས་བྱས། 


བསོད་ནམས་ཚེ་རིང་གིས་བསྒྱུར།