ཀྲུང་གོ་རྒྱལ་ཁབ་རྒྱལ་སྤྱིའི་འཕེལ་རྒྱས་མཉམ་ལས་ཁང་གི་འགན་ཁུར་བས་ཐུར་ཁེ་དང་སི་རི་ཡཱའི་ཀྲུང་གོར་སྡོད་པའི་གཞུང་ཚབ་པར་ཐུག་འཕྲད་བྱས་ཏེ་བྲེལ་མྱུར་རོགས་སྐྱོར་བྱེད་ཐབས་སྙན་ཞུ་བྱས། 
2023.02.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 13

ཀྲུང་གོ་རྒྱལ་ཁབ་རྒྱལ་སྤྱིའི་འཕེལ་རྒྱས་མཉམ་ལས་ཁང་གི་འགན་ཁུར་བ་གཞོན་པ་ཏུན་པའོ་ཆིང་གིས་སོ་སོར་ཀྲུང་གོར་སྡོད་པའི་ཐུར་ཁེའི་གཞུང་ཚབ་པ་ཡའོ་ནན་དང་ཀྲུང་གོར་སྡོད་པའི་སི་རི་ཡཱའི་གཞུང་ཚབ་པ་ཧཱ་སིང་ནེ་གཉིས་ལ་ཐུག་འཕྲད་བྱས་པ་དང་། ཐུར་ཁེ་དང་སི་རི་ཡཱའི་བྲེལ་མྱུར་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བྱེད་ཐབས་སྙན་ཞུ་བྱས། 

ཏུན་པའོ་ཆིང་གིས་བསྟན་དོན། ཟླ་གཉིས་པའི་ཚེས་དྲུག་ཉིན་གྱི་ཞོགས་པར། ཐུར་ཁེ་རུ་ས་ཡོམ་དྲག་པོ་བྱུང་ནས། ཐུར་ཁེ་དང་སི་རི་ཡཱ་རྒྱལ་ཁབ་གཉིས་ཀྱི་མི་སྣར་ཤི་རྨས་དང་རྒྱུ་ནོར་གྱི་གྱོང་གུད་ཚབས་ཆེན་བཟོས། ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སོ་སོར་ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་དང་སི་རི་ཡཱའི་ཙུང་ཐུང་པཱ་ཧྲ་ཨར་ལ་འཚམས་འདྲིའི་གློག་འཕྲིན་བཏང་། ཀྲུང་གོའི་སྲིད་གཞུང་གིས་དུས་ཐོག་ཏུ་བྲེལ་མྱུར་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་རྐྱེན་སྲོལ་ལག་བསྟར་བྱས་པ་དང་། སོ་སོར་ཐུར་ཁེ་དང་སི་རི་ཡཱ་ལ་བྲེལ་མྱུར་རོགས་སྐྱོར་བྱེད་རྒྱུ་ཐག་བཅད། 

ཁོས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཐུར་ཁེ་ལ་མི་དམངས་ཤོག་སྒོར་བྱེ་བ་བཞིའི་བྲེལ་མྱུར་རོགས་སྐྱོར་འདོན་སྤྲོད་བྱེད་རྒྱུ་ཡིན་པ་དང་། དེའི་ནང་གྲོང་ཁྱེར་རྒུད་སྐྱོབ་རུ་ཁག་དང་སྨན་བཅོས་རུ་ཁག་མངག་གཏོང་བྱེད་པ་འདུས་ཡོད་ལ། ཐུར་ཁེ་ཕྱོགས་ལ་མྱུར་མཁོའི་གནོད་སྐྱོབ་དངོས་རྫས་འདོན་སྤྲོད་བྱེད་རྒྱུ་རེད། སི་རི་ཡཱ་ལ་རིན་ཐང་མི་དམངས་ཤོག་སྒོར་བྱེ་བ་གསུམ་གྱི་བྲེལ་མྱུར་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་རྒྱུ་ཡིན་པ་དང་། དེའི་ནང་མེ་སྒོར་ས་ཡ་གཉིས་ཀྱི་མ་དངུལ་རོགས་སྐྱོར་དང་སི་རི་ཡཱའི་ཕྱོགས་ལ་མྱུར་དུ་མཁོ་བའི་རྒུད་སྐྱོབ་དངོས་རྫས་འདུས་པར་མ་ཟད། ལག་བསྟར་བྱེད་བཞིན་པའི་འབྲུ་རིགས་རོགས་སྐྱོར་ལས་གཞི་མྱུར་མོར་དངོས་འབེབས་བྱེད་རྒྱུ་ཡིན་ལ། དེའི་ནང་གྲོ་ཏུན་ཉིས་བརྒྱ་དང་ཉི་ཤུ་སི་རི་ཡཱ་རུ་སྐྱེལ་འདྲེན་བྱེད་བཞིན་ཡོད་པ་དང་། དེའི་འཕྲོའི་འབྲས་དང་གྲོ་ཏུན་སྟོང་གསུམ་ལྷག་མི་འགྱངས་པར་སྐོར་ཐེངས་གཉིས་སུ་བགོས་ནས་སྐྱེལ་འདྲེན་བྱེད་རྒྱུ་ཡིན་ཟེར། 

ཏུན་པའོ་ཆིང་གིས་བཤད་རྒྱུར། ཀྲུང་གོ་རྒྱལ་ཁབ་རྒྱལ་སྤྱིའི་འཕེལ་རྒྱས་མཉམ་ལས་ཁང་གིས་ཐུར་ཁེ་དང་སི་རི་ཡཱ་རྒྱལ་ཁབ་གཉིས་ཀྱི་འབྲེལ་ཡོད་སྡེ་ཁག་བར་གཞོགས་འདེགས་དམ་པོ་བྱས་ཏེ། གོང་གི་རོགས་སྐྱོར་བྱ་བ་མྱུར་མོར་དངོས་འབེབས་བྱེད་པར་འགན་སྲུང་བྱས་ནས་གནོད་ཐེབས་མང་ཚོགས་ལ་རོགས་སྐྱོར་བྱེད་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་གནོད་ཐེབས་གནས་ཚུལ་དང་དོན་དངོས་དགོས་མཁོར་གཞིགས་ནས་མུ་མཐུད་དུ་ཐུར་ཁེ་དང་སི་རི་ཡཱ་ལ་རང་ནུས་ཅི་ལྕོགས་ཀྱི་རོགས་རམ་བྱེད་རྒྱུ་ཡིན་ཟེར། 

ཡའོ་ནན་དང་ཧཱ་སིང་ནེ་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་དང་མི་དམངས་ཀྱི་ཚབ་བྱས་ཏེ་ཀྲུང་གོས་འདོན་སྤྲོད་བྱས་པའི་བྲེལ་མྱུར་མི་ཆོས་རོགས་སྐྱོར་ལ་བཀའ་དྲིན་ཞུས་པ་དང་། ཀྲུང་གོས་རོགས་སྐྱོར་གྱི་ལག་ཟུང་བརྐྱངས་ནས་རོགས་རམ་བྱས་པ་དང་། ཡོམ་འགོག་གནོད་སྐྱོབ་ཐད་ནུས་པ་གལ་ཆེན་བཏོན་ཡོད་པས། ཀྲུང་གོའི་མི་དམངས་ཀྱི་བརྩེ་བ་ཟབ་མོ་དེ་ནམ་ཡང་བརྗེད་མི་སྲིད་ཟེར། 


བསོད་ནམས་ཚེ་རིང་གིས་བསྒྱུར།