མཉམ་འབྲེལ་རྒྱལ་ཚོགས་ཀྱི་གསར་སྤེལ་འཆར་འགོད་ཁང་གིས་ཚེས་བདུན་ཉིན་སྤེལ་བའི་སྙན་ཞུ་ལྟར་ན། སཱ་ཧཱ་ལཱ་ལྷོ་ངོས་ཀྱི་ཨ་ཧྥེ་རི་ཁ་གླིང་གི་ས་ཁུལ་དུ། ལས་ཞུགས་གོ་སྐབས་ཉུང་བ་ནི་མི་ལ་ལ་དྲག་ཤུགས་ཐལ་སྤྱོད་རིང་ལུགས་ཀྱི་ཚོགས་ཁག་ནང་ཞུགས་པའི་རྒྱུ་རྐྱེན་གཙོ་བོ་ཞིག་རེད་ཟེར།
སྙན་ཞུ་ལས་བཤད་རྒྱུར། སཱ་ཧཱ་ལཱ་ལྷོ་ངོས་ཀྱི་ཨ་ཧྥེ་རི་ཁ་གླིང་དེ་འཛམ་གླིང་ཡོངས་ཀྱི་དྲག་ཤུགས་ཐལ་སྤྱོད་རིང་ལུགས་ཀྱི་ལྟེ་གནས་གསར་བར་གྱུར་ཡོད། ཉིས་སྟོང་ཉེར་གཅིག་ལོར་འཛམ་གླིང་ཡོངས་སུ་ཐོ་འགོད་བྱས་པའི་འཇིགས་སྐུལ་རིང་ལུགས་ལས་ཤི་བའི་མིའི་ཁྲོད་ཕྱེད་ཀ་ཙམ་ས་ཁུལ་དེའི་རེད། སྙན་ཞུ་དེའི་ཞིབ་འཇུག་གྲུབ་འབྲས་ནི་པུ་ཁི་ནཱ་ཧྥ་སོ་དང་ཁཱ་མེ་ལུང་། ཀྲ་ཏི། མཱ་ལི། ནེ་ཀྲིར། ནེ་ཀྲི་རི་ཡཱ། སོ་མཱ་ལི། སུའུ་ཏན་བཅས་རྒྱལ་ཁབ་བརྒྱད་ཀྱི་ཐོབ་ཐང་མི་འདྲ་བའི་མི་སྟོང་གཉིས་དང་ཉིས་བརྒྱ་ཙམ་ལ་བཅར་འདྲི་བྱས་པ་ལས་ཐོན་པ་རེད།
སྙན་ཞུ་ལས་བཤད་རྒྱུར། བཅར་འདྲི་དང་ལེན་བྱེད་མཁན་བརྒྱ་ཆའི་ཉེར་ལྔ་ཙམ་གྱིས་བལྟས་ན་བྱ་བའི་གོ་སྐབས་མེད་པ་ནི་ཁོ་ཚོ་དྲག་ཤུགས་ཐལ་སྤྱོད་རྩ་འཛུགས་ནང་ཞུགས་པའི་རྒྱུ་རྐྱེན་གཙོ་བོ་ཡིན་པར་འདོད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གསར་སྤེལ་འཆར་འགོད་ཁང་གི་ཉིས་སྟོང་བཅུ་བདུན་ལོའི་དྲག་ཤུགས་ཐལ་སྤྱོད་རིང་ལུགས་ཀྱི་ཞིབ་འཇུག་གྲུབ་འབྲས་ལས་མངོན་པའི་གཞི་གྲངས་ལས་བརྒྱ་ཆའི་གོ་གཉིས་འཕར་ཡོད། བཅར་འདྲི་དང་ལེན་བྱེད་མཁན་བརྒྱ་ཆའི་བཞི་བཅུ་ཙམ་གྱིས་བསྟན་དོན། ཁོ་ཚོ་ནི་འཚོ་བའི་གནད་དོན་ཐག་གཅོད་བྱེད་ཆེད་ད་གཟོད་ཚོགས་ཁག་དེའི་ནང་ཞུགས་པ་ཡིན་ཟེར།
སྙན་ཞུ་ལས་བཤད་རྒྱུར། ཁྱིམ་ཚང་གི་ནང་མི་དང་གྲོགས་པོ་ལས་བྱུང་བའི་གནོན་ཤུགས་ནི་དྲག་ཤུགས་ཐལ་སྤྱོད་རིང་ལུགས་ཚོགས་ཁག་སུ་ཞུགས་པའི་སྒུལ་ཤུགས་རྒྱུ་རྐྱེན་གཉིས་པ་ཡིན་པར་ངོས་འཛིན་བྱས་ཡོད་པ་ད་ང་། ཆོས་ལུགས་རྒྱུ་རྐྱེན་ནི་མི་རེ་འགའ་ཐལ་སྤྱོད་རྩ་འཛུགས་ནང་ཞུགས་པའི་རྒྱུ་རྐྱེན་གསུམ་པ་རེད་ཟེར།
སྙན་ཞུ་ལས་བྱིས་པའི་ཕན་བདེ་དང་སློབ་གསོ། བདེ་ཐང་། སྡོད་ཁུལ་ལ་རྐང་བཙུགས་པའི་སྤྱི་ཚོགས་ཕྱིར་ལྡོག་ཞབས་ཞུའི་ལས་གཞི་དང་འཆར་གཞིའི་ཐད་ཀྱི་དངུལ་གཏོང་ཇེ་མང་དུ་གཏོང་དགོས་པའི་འབོད་སྐུལ་བཏང་།
བསོད་ནམས་ཚེ་རིང་གིས་བསྒྱུར།