ཧྥེ་ཅིའི་ཙུང་ལི་དང་ཕྱི་འབྲེལ་བློན་ཆེན་གྱི་འགན་གཅིག་ལྕོགས་སུ་ཁུར་མཁན་ལན་པུའུ་ཁཱ་ཡིས་ཚེས་དགུ་ཉིན་སུའུ་ཝ་ནས་བསྟན་དོན། ཧྥེ་ཅི་དང་ཀྲུང་གོའི་བར་གྱི་དངོས་གཉེར་མཉམ་ལས་ལ་སྦས་ཤུགས་ཆེན་པོ་ཡོད་པ་དང་། མདུན་ལྗོངས་རྒྱ་ཆེན་པོ་ཡོད་ཟེར།
ལན་པུའུ་ཁཱ་ཡིས་ཉིན་དེར་ཧྥེ་ཅི་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཀྲོའུ་ཅན་ལ་ཐུག་འཕྲད་བྱས། ལན་པུའུ་ཁཱ་ཡིས་བཤད་རྒྱུར། ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་འོག ལས་ལ་བརྩོན་ཞིང་བློ་གྲོས་ལྡན་པའི་ཀྲུང་གོའི་མི་དམངས་ཀྱིས་རྒྱལ་ཁབ་འཛུགས་སྐྲུན་གྱི་གྲུབ་འབྲས་བཟང་བོ་བླངས་ཡོད་ཅིང་། སྔོན་ཐོན་གྱི་ཐོན་ལས་དང་ལག་རྩལ་མང་བོ་ཡོད། ཧྥེ་ཅི་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་དངོས་གཉེར་མཉམ་ལས་ལ་སྦས་ཤུགས་ཆེན་པོ་ཡོད་པ་དང་མདུན་ལྗོངས་རྒྱ་ཆེན་པོ་ཡོད་ཟེར།
ལན་པུའུ་ཁཱ་ཡིས་བཤད་རྒྱུར། ཀྲུང་གོ་ནི་འཛམ་གླིང་དུ་ཤུགས་རྐྱེན་ཡོད་པའི་རྒྱལ་ཁབ་ཆེན་མོ་ཞིག་ཡིན་པ་དང་། ཧྥེ་ཅི་ཀྲུང་གོའི་གྲོགས་པོ་བཟང་བོར་འགྱུར་ཐུབ་པར་དགའ་སྤྲོ་ཆེན་པོ་སྐྱེས་ཡོད་ལ། མུ་མཐུད་དུ་དུས་ཡུན་རིང་བོར་མཛའ་མཐུན་བྱེད་པའི་ཀྲུང་གོ་བར་གྱི་སྲིད་ཇུས་རྒྱུན་འཁྱོངས་བྱེད་རྒྱུ་ཡིན། ཀྲུང་གོ་གཅིག་གི་རྩ་དོན་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་ལྟ་ཚུལ་ཡིན་ལ། ཧྥེ་ཅི་ཡིས་མུ་མཐུད་དུ་རྩ་དོན་དེ་བརྩི་སྲུང་བྱེད་ངེས་ཡིན་ཟེར།
ཀྲོའུ་ཅན་གྱིས་བསྟན་དོན། ཀྲུང་གོ་དང་ཧྥེ་ཅི་རྒྱལ་ཁབ་གཉིས་ནི་འབྲེལ་བ་བཙུགས་ནས་ལོ་མང་བོ་འགོར་བའི་གྲོགས་པོ་དང་སྤུན་ཟླ་བཟང་བོ་ཡིན། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་འཐབ་ཇུས་སྣེ་ཁྲིད་འོག ཀྲུང་གོ་དང་ཧྥེ་ཅིའི་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་ཧྥེ་ཅིའི་བར་གྱི་འཕེལ་རྒྱས་འཐབ་ཇུས་ཀྱི་སྦྲེལ་མཐུད་ལ་ཤུགས་སྣོན་དང་། སྟེང་གི་བཀོད་པར་ཤུགས་བསྣན་ནས་ཁྱད་སྟོབས་ཁ་གསབ་གང་ལེགས་བྱེད་པ་དང་ཐུན་མོང་འཕེལ་རྒྱས་དང་དར་རྒྱས་མངོན་འགྱུར་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།