འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་བརྒྱད་ཉིན་བསྟན་དོན། སི་རི་ཡཱ་རུ་དུས་ཡུན་རིང་བོར་འཁྲུག་རྩོད་དང་ནད་ཡམས་བྱུང་བའི་དབང་གིས་ས་ཡོམ་གནོད་སྐྱོབ་གནས་བབ་སྔར་ལས་རྙོག་འཛིང་ཡིན་པ་དང་། ས་དེའི་ཉམས་ཞན་གྱི་འཕྲོད་བསྟེན་མ་ལག་འགྲན་སློང་ཆེན་པོར་འཕྲད་ཡོད་ཟེར།
འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཐན་ཏི་སེ་ཡིས་ཉིན་དེར་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་བྲེལ་མྱུར་མ་དངུལ་མེ་སྒོར་ས་ཡ་གསུམ་བཏང་སྟེ་ཐུར་ཁེ་དང་སི་རི་ཡཱ་རྒྱལ་ཁབ་གཉིས་སུ་འབྲེལ་ཡོད་ཀྱི་བྱ་བ་སྤེལ་བའི་ཐད་བཀོལ་རྒྱུ་ཡིན་པ་དང་། མཉམ་ལས་གྲོགས་པོ་དག་དང་མཉམ་དུ་སྨན་བཅོས་མཁོ་དངོས་སོགས་འདོན་སྤྲོད་བྱེད་བཞིན་ཡོད། མཐོ་རིམ་འཐུས་ཚབ་ཚོགས་པ་ཞིག་མངག་ནས་གནོད་ཐེབས་རྗེས་ཀྱི་ཐག་གཅོད་བྱེད་ཐབས་ལ་མཐུན་སྦྱོར་བྱེད་པ་ལས་གཞན། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་མཐུན་སྦྱོར་འོག སྨན་བཅོས་མཁོ་དངོས་དྲུད་པའི་གནམ་གྲུ་གསུམ་བསྟུད་མར་གནོད་ཐེབས་ས་ཁུལ་དུ་སོང་ཡོད་ཟེར།
འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་བསྡོམས་རྩིས་བྱས་པ་ལྟར་ན། མིག་སྔར་རྒྱལ་ཁབ་རིམ་པའི་སྨན་བཅོས་རུ་ཁག་དོན་བདུན་དང་རྒྱལ་སྤྱིའི་བྲེལ་མྱུར་སྨན་བཅོས་རུ་ཁག་བཅུ་གསུམ་རྒྱལ་ཁབ་དེ་གཉིས་སུ་བཀོད་སྒྲིག་བྱས་ཡོད་ཟེར།
སི་རི་ཡཱ་རུ་སྡོད་པའི་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་འཐུས་མི་དབྱེ་མན་ཧྲང་ཅི་ཐིས་ཀྱིས་བཤད་རྒྱུར། ལོ་མང་བོར་འཐབ་འཁྲུག་བྱུང་བ་ལས་སི་རི་ཡཱའི་འཕྲོད་བསྟེན་མ་ལག་ཉམས་ཞན་དུ་གྱུར་ཡོད་པ་དང་། ཐེངས་འདིའི་ས་ཡོམ་དྲག་པོ་ལས་མི་སྣ་མང་བོར་ཤི་རྨས་བཟོས་ཡོད་པས། གནོད་ཐེབས་རྗེས་ཀྱི་སྨན་བཅོས་འཕྲོད་བསྟེན་གྱི་དགོས་མཁོ་ཧ་ཅང་ཆེ་ཟེར།
ཐན་ཏི་སེ་ཡིས་ཀྱང་བསྟན་དོན། ཉིས་སྟོང་ཉེར་གཉིས་ལོའི་ཟླ་བརྒྱད་པའི་ཟླ་སྨན་ཚུན་ལ། སི་རི་ཡཱ་ཡིས་བཤལ་ནད་བྱུང་བའི་ནད་པ་ཁྲི་བརྒྱད་དང་སྟོང་ལྔ་ཙམ་སྙན་ཞུ་བྱས་ཡོད། ལོ་མང་བོའི་དྲག་ཆས་འཁྲུག་རྩོད་དང་ནད་ཡམས་སྣ་ཚོགས་ལས་སི་རི་ཡཱའི་གནས་བབ་སྔར་ལས་རྙོག་འཛིང་དུ་གྱུར་ཡོད་ལ། གནད་དོན་དེ་དག་གིས་ཉམས་ཞན་གྱི་འཕྲོད་བསྟེན་མ་ལག་འགྲན་རྩོད་ཆེན་པོར་འཕྲད་ཡོད་ཟེར།
དེ་ལས་གཞན་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་བྲེལ་མྱུར་ལས་གཞིའི་ལག་བསྟར་ཀྲུའུ་རིན་རོས་ཨན་གྱིས་བལྟས་ན། གནོད་ཐེབས་རྗེས་ཀྱི་སེམས་ཁམས་ཐད་ཀྱི་རྒྱབ་སྐྱོར་དེ་སྲོག་ཉེན་ལས་ཐར་བའི་མིར་མཚོན་ན་གལ་འགངས་ཧ་ཅང་ཆེ་ཟེར། ཁོས་རྒྱལ་ཁབ་སོ་སོའི་སྲིད་གཞུང་གིས་འཐབ་འཁྲུག་དང་འཁྲུག་རྩོད་ལས་འཕྲོད་བསྟེན་མ་ལག་དང་སྤྱིར་བཏང་གི་མིའི་འཚོ་བར་ཐེབས་པའི་ཤུགས་རྐྱེན་ཟབ་མོར་བསམ་བློ་གཏོང་དགོས་པའི་འབོད་སྐུལ་བཏང་།
བསོད་ནམས་ཚེ་རིང་གིས་བསྒྱུར།