མའོ་ཨར་ཏའོ་ཝའི་ཙུང་ཐུང་སིང་ཏུའུ་ཡིས་ཚེས་བཅུ་ཉིན་ཙུང་ཐུང་བཀའ་རྒྱ་བཀོད་དེ། ལོས་ཆེ་ཨན་ཙུང་ལི་གསར་བར་མིང་འདོན་བྱས།
ཉིན་དེའི་སྔ་དྲོར་ཅཱ་ཧྥུའུ་ལི་ལེ་ཁྲ་ཡིས་མའོ་ཨར་ཏའོ་ཝའི་ཙུང་ལིའི་ལས་འགན་བསྐྱུར་རྒྱུ་ཁྱབ་བསྒྲགས་བྱས་པ་དང་། སིང་ཏུའུ་ཡིས་གྲོས་ཁང་གི་སྲིད་ཏང་དང་གྲོས་མོལ་བྱས་ཏེ་གོང་གི་ཆོད་དོན་དེ་བཏོན་པ་རེད།
སིང་ཏུའུ་ཡིས་བཤད་རྒྱུར། སྲིད་གཞུང་གསར་བས་ངེས་པར་དུ་རྒྱལ་ཁབ་ཀྱི་བདེ་འཇགས་ཆུ་ཚད་མཐོར་འདེགས་བྱེད་པ་དང་། དཔལ་འབྱོར་འཕར་སྣོན་ལ་སྐུལ་འདེད་གཏོང་བ། དངུལ་གཏོང་ནང་འགུག་བྱེད་དགོས་པར་མ་ཟད། ཁྲིམས་འཛིན་ཁོངས་གཏོགས་ཀྱི་བཅོས་བསྒྱུར་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས་ཟེར།
མའོ་ཨར་ཏའོ་ཝའི་རྩ་ཁྲིམས་ལྟར་ན། མིང་འདོན་བྱས་པའི་ཙུང་ལིའི་འདེམ་སྒུག་མི་སྣས་ཉིན་བཅོ་ལྔའི་ནང་སྲིད་འཛིན་ལས་ཁུངས་ཀྱི་རྩ་འཛུགས་ཡོངས་འགྲུབ་བྱས་ནས་གྲོས་ཁང་གི་ཡིད་རྟོན་འདེམ་ཤོག་ཐོབ་དགོས་པ་རེད།
ད་ལོར་ལོ་ཞེ་བརྒྱད་ཡིན་པའི་ལོས་ཆེ་ཨན་གྱིས་ཉིས་སྟོང་བཅུ་གཉིས་ལོ་ནས་ཉིས་སྟོང་བཅོ་ལྔ་ལོའི་བར་མའོ་ཨར་ཏའོ་ཝའི་ནང་སྲིད་པུའུ་ཀྲང་གི་འགན་ཁུར་བ་དང་། ཉིས་སྟོང་ཉེར་གཉིས་ལོའི་ཟླ་གཉིས་པ་ནས་བཟུང་ཙུང་ཐུང་གི་རྒྱལ་སྲུང་དང་བདེ་འཇགས་ལས་དོན་གྱི་བློ་འདོན་པ་དང་མའོ་ཨར་ཏའོ་ཝའི་ཆེས་མཐོའི་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་གི་འགན་ཁུར་བ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།