ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གཞོན་པས་ཨུ་རུ་སི་ཡིས་གཏན་འཁེལ་བྱས་པའི་དངོས་ཡོད་རྨང་གཞིར་བྱས་ནས་ཝུའུ་ཁི་ལན་བར་གྲོས་མོལ་བྱེད་འདོད་ཡོད་པའི་ཚུལ་བསྟན། 
2023.02.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 28

ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གཞོན་པ་ཝེ་ཨར་ཞི་ཉིང་གིས་ཨུ་རུ་སིའི་སྐར་དམར་བརྙན་འཕྲིན་ཁང་གིས་ཚེས་བཅུ་གཅིག་ཉིན་བཏང་བའི་བཅར་འདྲིའི་ལེ་ཚན་ཞིག་གི་ནང་བསྟན་དོན། ཨུ་རུ་སིའི་ཕྱོགས་ཀྱིས་ཝུའུ་ཁི་ལན་བར་གཏན་འཁེལ་བྱས་པའི་དངོས་ཡོད་རྨང་གཞིར་བྱས་ནས་གྲོས་མོལ་བྱེད་འདོད་ཡོད་པ་དང་། དེའི་ཆ་རྐྱེན་ནི་ཝུའུ་ཁི་ལན་ཕྱོགས་ཀྱིས་སྔོན་འགྲོའི་ཆ་རྐྱེན་གང་ཡང་བཏོན་མི་ཆོག་ཟེར། 

ཝེ་ཨར་ཞི་ཉིང་གིས་བཤད་རྒྱུར། ཨུ་རུ་སི་ཡིས་གྲོས་མོལ་ལ་བརྟེན་ནས་འཁྲུག་རྩོད་མཚམས་འཇོག་པར་གྲ་སྒྲིག་བྱས་ཡོད་ཀྱང་། དེའི་ཆ་རྐྱེན་ནི་ཝུའུ་ཁི་ལན་ཕྱོགས་ཀྱིས་སྔོན་འགྲོའི་ཆ་རྐྱེན་གང་ཡང་བཏོན་མི་ཆོག་པ་དང་། གྲོས་མོལ་དེ་གཏན་འཁེལ་བྱས་པའི་དངོས་ཡོད་རྨང་གཞིའི་སྟེང་སྤེལ་དགོས་ལ། ཨུ་རུ་སིའི་ཕྱོགས་ཀྱིས་དེའི་སྔོན་བཏོན་པའི་དམིགས་འབེན་ལ་བསམ་བློ་གཏོང་དགོས་ཟེར། ཝེ་ཨར་ཞི་ཉིང་གིས་བསྟན་དོན། དེའི་སྔོན་ཨུ་རུ་སི་དཀར་པོ་དང་ཐུར་ཁེ་ནས་སྤེལ་བའི་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་གྲོས་མོལ་ཚང་མ་ཝུའུ་ཁི་ལན་ཕྱོགས་ཀྱི་རྒྱུ་རྐྱེན་དབང་གིས་མཚམས་བཞག་པ་ཡིན་ཟེར། ཁོས་ནན་གྱིས་བསྟན་དོན། ཨུ་རུ་སིའི་བར་གྲོས་མོལ་བྱེད་མིན་དེ་ཝུའུ་ཁི་ལན་གྱིས་ཐག་གཅོད་བྱེད་པ་མ་ཡིན་པར། ཐོག་མར་ཝ་ཧྲིན་ཐོན་དང་པུའུ་ལུའུ་སེར་ནས་ཐག་གཅོད་བྱེད་པ་རེད་ཟེར། 

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡི་མགྲིན་ཚབ་པ་ཁི་ནཱ་ཧྲིན་ཁི་ཧྥུའུ་ཡིས་ཚེས་བཅུ་གཅིག་ཉིན་སྙན་ཞུ་སྤེལ་ཏེ། ཨུ་རུ་སིའི་དྲག་ཆས་སྟོབས་ཤུགས་ཀྱིས་ཚེས་བཅུ་ཉིན་ཕོག་ཚད་མཐོ་བའི་སྐམ་མཚོ་མཁའ་གསུམ་རྟེན་གཞིའི་རྒྱང་འཕུར་འཕུར་མདའ་དང་མི་བསྡད་མེད་པའི་གནམ་གྲུ་བཀོལ་ནས་ཝུའུ་ཁི་ལན་གྱི་རྒྱལ་སྲུང་བཟོ་ལས་ཁེ་ལས་དང་འགྲིམ་འགྲུལ་མ་ལག་གི་འཁོར་སྐྱོད་ལ་འགན་སྲུང་བྱེད་པའི་གནད་འགག་གི་ནུས་ཁུངས་སྒྲིག་ཆས་ལ་གཞི་རྒྱ་ཆེ་བའི་ཆམ་ཕབ་བཏང་བ་དང་། དམིགས་འབེན་སྒྲིག་ཆས་ཚང་མར་ཕོག་ཡོད་པས། ཝུའུ་ཁི་ལན་གྱི་དམག་དོན་བཟོ་ལས་མཉམ་འབྲེལ་ཚོགས་པའི་ནུས་ཁུངས་ཟད་གྲོན་མཐོ་བའི་ཐོན་སྐྱེད་མཚམས་བཞག་ཡོད། དེ་ལས་གཞན་འཐབ་འཁྲུག་ས་ཁུལ་དུ་ཕྱི་རྒྱལ་གྱི་མཚོན་ཆ་དང་དངོས་རྫས་སྐྱེལ་འདྲེན་བྱེད་སའི་ལྕགས་ལམ་ལའང་བཀག་འགོག་བྱས་ཡོད་ཟེར། 

ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཚེས་བཅུ་ཉིན་བཤད་རྒྱུར། ཨུ་རུ་སིའི་ཕྱི་འབྲེལ་ལས་ཁུངས་ཀྱིས་ནུས་པ་གང་ཡོད་བཏོན་ནས་རྒྱལ་ཁབ་ཀྱི་བདག་དབང་སྲ་བརྟན་དུ་བཏང་སྟེ། ནུབ་ཕྱོགས་རྒྱལ་ཁབ་ཀྱིས་ཨུ་རུ་སིར་བཟོས་པའི་བདེ་འཇགས་འཇིགས་ཉེན་མེད་པར་གཏོང་རྒྱུ་ཡིན། ཨུ་རུ་སིའི་ཕྱོགས་ཀྱིས་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་མང་ཆེ་བའི་བར་གྱི་མཛའ་མཐུན་འབྲེལ་བ་སྲ་བརྟན་དུ་གཏོང་བཞིན་ཡོད་པས། ནུབ་ཕྱོགས་རྒྱལ་ཁབ་ཀྱིས་ཨུ་རུ་སི་ཁེར་རྐྱང་དུ་ཕུད་འདོད་པའི་གཡོ་ཇུས་དོན་མེད་དུ་འགྱུར་སྲིད་ཟེར། 

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀྲ་ཧཱ་ལོ་ཝ་ཡིས་ཚེས་བཅུ་ཉིན་རྒྱུན་ལྡན་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ནུབ་ཕྱོགས་རྒྱལ་ཁབ་དག་གིས་སྔོན་ཐོན་གྱི་མཚོན་ཆ་དང་སྒྲིག་ཆས་བཀོལ་བ་དང་ཝུའུ་ཁི་ལན་གྱི་དམག་དཔུང་ལ་སྦྱོང་བརྡར་བྱས་ནས། འཁྲུག་རྩོད་སྔར་ལས་ཛ་དྲག་ཏུ་འགྱུར་བར་སྐུལ་འདེད་གཏོང་རྩིས་ཡོད་པ་དང་། ཝུའུ་ཁི་ལན་གྱི་རོགས་སྐྱོར་ལ་ཤུགས་སྣོན་བྱས་ནས་འཁྲུག་རྩོད་ལ་འགོར་འགྱངས་བྱེད་རྩིས་ཡོད་ཟེར། 

ཝུའུ་ཁི་ལན་གྱི་ཙུང་ཐུང་བཞུགས་ཤག་གི་དཔོན་ཕྱོགས་དྲ་ཚིགས་ཀྱིས་ཚེས་བཅུ་ཉིན་བསྒྲགས་པ་ལྟར་ན། ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་ཡིས་ཚེས་དགུ་ཉིན་ཕོ་ལན་ནས་ཕོ་ལན་གྱི་ཙུང་ཐུང་ཏུའུ་ཏཱ་ལ་ཐུག་འཕྲད་བྱས་པ་དང་། ཙེ་ལེན་སི་ཅི་ཡིས་ཏུའུ་ཏཱ་ལ་མིག་སྔའི་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་གནས་བབ་དང་ཝུའུ་ཁི་ལན་གྱི་རྒྱལ་སྲུང་དགོས་མཁོ་སྙན་ཞུ་བྱས། ཕྱོགས་གཉིས་ཀྱིས་ད་རུང་སྔར་ལས་ལྷག་པའི་སྒོ་ནས་འགོག་སྲུང་མཉམ་ལས་དང་ཕྱི་འབྲེལ་མཐུན་སྦྱོར་ལ་ཤུགས་སྣོན་པའི་བྱེད་ཐབས་ལ་གྲོས་བསྡུར་བྱས། 


བསོད་ནམས་ཚེ་རིང་གིས་བསྒྱུར།