ལེ་པཱ་ནུན་གྱི་དཔོན་རིགས་ཀྱིས་ཨ་མེ་རི་ཁའི་བཀག་སྡོམ་ལས་ལེ་པཱ་ནུན་གྱིས་སི་རི་ཡཱ་ལ་མི་ཆོས་རོགས་སྐྱོར་བྱེད་པར་བཀག་འགོག་བྱེད་ཐབས་མེད་པའི་ཚུལ་བསྟན། 
2023.02.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 29

ལེ་པཱ་ནུན་ལྟ་སྐྱོང་སྲིད་གཞུང་གི་ཞིང་ལས་པུའུ་ཀྲང་ཧཱ་ཅི་ཧཱ་སིང་གིས་ཚེས་བཅུ་ཉིན་བསྟན་དོན། ཨ་མེ་རི་ཁའི་བཀག་སྡོམ་ལས་ལེ་པཱ་ནུན་གྱིས་ཁྱིམ་མཚེས་རྒྱལ་ཁབ་སི་རི་ཡཱ་ལ་མི་ཆོས་རོགས་སྐྱོར་བྱེད་པར་བཀག་འགོག་བྱེད་ཐབས་མེད་ཟེར། 

ལེ་པཱ་ནུན་རྒྱལ་ཁབ་འཕྲིན་ཁང་གིས་བསྒྲགས་པ་ལྟར་ན། ཧཱ་ཅི་ཧཱ་སིང་གིས་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཨ་མེ་རི་ཁའི་བཀག་སྡོམ་གྱིས་ང་ཚོ་སི་རི་ཡཱ་རུ་འགྲོ་བར་བཀག་འགོག་བྱེད་ཐབས་མེད་ལ། མི་ཆོས་རིང་ལུགས་ཀྱི་མཉམ་ལས་ལ་རྒྱལ་མཚམས་ཀྱི་ཁྱད་པར་མེད་པས། དེར་ཡང་བཀག་འགོག་བྱེད་ཐབས་མེད་ཟེར། 

ལེ་པཱ་ནུན་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། ཟླ་འདིའི་ཚེས་བདུན་ཉིན། ལེ་པཱ་ནུན་རྒྱ་གྲམ་དམར་པོ་ཚོགས་པ་དང་པེ་རུ་ཐིའི་མེ་གསོད་དང་དམངས་སྲུང་། གནོད་སྐྱོབ་བཅས་སྡེ་ཁག ལེ་པཱ་ནུན་གྱི་དམག་དཔུང་བཅས་ཀྱིས་གྲུབ་པའི་ལེ་པཱ་ནུན་གྱི་རྒུད་སྐྱོབ་རུ་ཁག་སི་རི་ཡཱ་རུ་སོང་ནས་སི་རི་ཡཱ་ནས་རྒུད་སྐྱོབ་འགུལ་སྐྱོད་སྤེལ་བར་རམ་འདེགས་བྱས། ཚེས་བརྒྱད་ཉིན་ལེ་པཱ་ནུན་གྱི་པུའུ་ཀྲང་རིམ་པའི་འཐུས་ཚབ་ཚོགས་པ་ཞིག་ཏཱ་མཱ་ཧྲི་ཀི་རུ་འབྱོར་ནས། སི་རི་ཡཱའི་དཔོན་རིགས་དང་མཉམ་དུ་ལེ་པཱ་ནུན་སྲིད་གཞུང་གིས་སི་རི་ཡཱའི་གནོད་ཐེབས་ས་ཁུལ་དུ་རོགས་སྐྱོར་བྱེད་པ་སོགས་ཀྱི་གནད་དོན་ལ་གྲོས་བསྡུར་བྱས། དེ་ལས་གཞན་ལེ་པཱ་ནུན་ལྟ་སྐྱོང་སྲིད་གཞུང་གི་སྤྱི་བའི་བཟོ་སྐྲུན་དང་འགྲིམ་འགྲུལ་པུའུ་ཀྲང་ཨ་ལི་ཧཱ་མུས་ཡེ་ཡིས་བསྟན་དོན། ལེ་པཱ་ནུན་གྱིས་སི་རི་ཡཱ་ལ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དངོས་རྫས་སྐྱེལ་འདྲེན་བྱེད་པའི་ཀུང་ཟི་ལ་ལེ་པཱ་ནུན་གྱི་བར་སྣང་དང་མཚོ་ཐོག་གི་སྒྲིག་ཆས་འདོན་སྤྲོད་བྱས་ཡོད་ཟེར། 


བསོད་ནམས་ཚེ་རིང་གིས་བསྒྱུར།