ཨེ་མེ་ནི་ཡཱའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཧུའུ་ནཱ་དབྱང་གིས་ཚེས་བཅུ་གཅིག་ཉིན་བཤད་རྒྱུར། ཨེ་མེ་ནི་ཡཱ་ཡིས་ཉིན་དེར་ཐུར་ཁེའི་བར་གྱི་སྐམ་སའི་རྒྱུ་ལམ་བརྒྱུད་དེ་ཐུར་ཁེ་ལ་མི་ཆོས་རིང་ལུགས་ཀྱི་རྒུད་སྐྱོབ་དངོས་རྫས་སྐོར་ཐེངས་དང་པོ་བསྐྱལ་ཟེར།
ཧུའུ་ནཱ་དབྱང་གིས་བཤད་རྒྱུར། ཨེ་མེ་ནི་ཡཱ་ཡིས་ཚེས་བཅུ་གཅིག་ཉིན་ཐུར་ཁེ་ལ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱས། མི་ཆོས་རྒུད་སྐྱོབ་དངོས་རྫས་དྲུད་པའི་དངོས་སྐྱེལ་རླངས་འཁོར་རྒྱལ་མཚམས་ཀྱི་མཱ་ཅཱ་ལཱ་ཟམ་ཆེན་བརྒྱུད་ནས་ཐུར་ཁེའི་གནོད་ཐེབས་ས་ཁུལ་དུ་སོང་ཟེར།
ཨེ་མེ་ནི་ཡཱའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཐུར་ཁེའི་ལྷོ་ཕྱོགས་ཀྱི་སི་རི་ཡཱ་དང་ཉེ་བའི་མཐའ་མཚམས་ས་ཁུལ་དུ་ཚེས་དྲུག་ཉིན་ས་ཡོམ་དྲག་པོ་བྱུང་རྗེས། ཨེ་མེ་ནི་ཡཱ་ཡིས་ཐུར་ཁེའི་གནོད་ཐེབས་ས་ཁུལ་དུ་རྒུད་སྐྱོབ་མི་སྣ་བཅུ་ཕྲག་འགའ་མངག་གཏོང་བྱས་ཡོད་ཟེར།
གཞན་ཡང་ཐུར་ཁེའི་ཨ་ནཱ་ཏའོ་ལུའུ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། མི་ཆོས་རྒུད་སྐྱོབ་དངོས་རྫས་སྐྱེལ་འདྲེན་བྱེད་པར་སྟབས་བདེ་བཟོ་ཆེད། ཐུར་ཁེ་ཡིས་ཚེས་བཅུ་གཅིག་ཉིན་ཨེ་མེ་ནི་ཡཱའི་བར་གྱི་རྒྱུ་ལམ་སྒོ་འབྱེད་བྱས་ཡོད་ཟེར།
ཨེ་མེ་ནི་ཡཱ་གཅིག་སྟོང་དགུ་བརྒྱ་གོ་གཅིག་ལོར་རང་བཙན་བྱས་པའི་ཚུན་ལ་ཐུར་ཁེའི་བར་རྒྱུན་ལྡན་གྱི་ཕྱི་ཕྱོགས་འབྲེལ་བ་བཙུགས་མེད། ཨེ་མེ་ནི་ཡཱ་དང་ཨ་སེ་པེད་ཅང་བར་ནཱ་ཀི་ཨར་ནོའུ་དང་ཁཱ་ལཱ་པཱ་ཧི་ས་ཁུལ་དུ་མངའ་ཁོངས་རྩོད་གླེང་ཡོད་པ་དང་། ཐུར་ཁེ་ཡིས་གནད་དོན་དེའི་ཐད་ནས་ཨ་སེ་པེད་ཅང་ཕྱོགས་ལ་རྒྱབ་སྐྱོར་བྱས་པས། གཅིག་སྟོང་དགུ་བརྒྱ་གོ་གསུམ་ལོར་ཨེ་མེ་ནི་ཡཱའི་བར་གྱི་མཐའ་མཚམས་རྒྱུ་བཀག་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།