པེད་ཏིན་དང་ལུའུ་ལཱ་ཡིས་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་ཐད་ཀྱི་མཉམ་ལས་ལ་གྲོས་བསྡུར་བྱས། 
2023.02.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

ཨ་མེ་རི་ཁའི་ཙུང་ཐུང་པེད་ཏིན་དང་འཚམས་འདྲིར་ཡོང་བའི་པཱ་ཞིའི་ཙུང་ཐུང་ལུའུ་ལཱ་གཉིས་ཀྱིས་ཚེས་བཅུ་ཉིན་ཕོ་བྲང་དཀར་པོ་ནས་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་པ་དང་། རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་པར་གྲོས་བསྡུར་བྱས། ཨ་མེ་རི་ཁས་མ་དངུལ་འདོན་སྤྲོད་བྱས་ཏེ་པཱ་ཞི་ཡིས་ཡཱ་མཱ་ཞོན་ཆར་ལྡན་ནགས་ཚལ་ལ་སྲུང་སྐྱོབ་བྱེད་པར་རོགས་རམ་བྱེད་རྒྱུ་ཁས་ལེན་བྱས། 

གྲོས་མོལ་བྱས་རྗེས་སྤེལ་བའི་མཉམ་འབྲེལ་གསལ་སྒྲོག་ལྟར་ན། ཕྱོགས་གཉིས་ཀྱིས་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་པ་དང་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ནུས་ཁུངས་འཕར་བསྒྱུར་མངོན་འགྱུར་བྱེད་པ་བཅས་ཕྱོགས་གཉིས་ཀྱི་མཉམ་ལས་ཀྱི་ནང་དོན་གཙོ་བོར་བྱེད་རྒྱུ་ཡིན་ཟེར། རྒྱལ་ཁབ་གཉིས་ཀྱི་ཙུང་ཐུང་གིས་མྱུར་མོར་ཕྱོགས་གཉིས་ཀྱི་ནམ་ཟླའི་འགྱུར་ལྡོག་བྱ་བའི་ཚན་ཆུང་གི་གྲོས་ཚོགས་རྐྱེན་སྲོལ་སླར་གསོ་བྱས་ཏེ། ཕྱོགས་གཉིས་ཀྱིས་ཁྱབ་ཁོངས་མང་བོའི་མཉམ་ལས་ལ་གྲོས་བསྡུར་བྱེད་པར་སྐུལ་འདེད་གཏོང་དགོས་པའི་རེ་བ་བཏོན། དེའི་ནང་ཚད་བརྒལ་གྱིས་ནགས་ཚལ་ལ་གཏོར་བརླག་གཏོང་བར་ཆམ་ཕབ་གཏོང་བ་དང་སྐྱེ་དངོས་དཔལ་འབྱོར་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཐཱན་ཉུང་ཞིང་ལས་ཀྱི་ལག་ལེན་ཁྱབ་གདལ་དུ་གཏོང་བ་སོགས་འདུས། ཕོ་བྲང་དཀར་པོས་རྒྱལ་ཚོགས་བར་མཉམ་ལས་བྱས་ཏེ། པཱ་ཞི་ཡིས་ཡཱ་མཱ་ཞོན་ཆར་ལྡན་ནགས་ཚལ་ལ་སྲུང་སྐྱོབ་བྱེད་པའི་འབྲེལ་ཡོད་ལས་གཞིའི་ཐད་མ་དངུལ་འདོན་སྤྲོད་བྱེད་རྒྱུ་ཡིན་ཟེར། 

ཕྱོགས་གཉིས་ཀྱིས་ད་རུང་ཝུའུ་ཁི་ལན་གྱི་ཉམས་ཉེན་དང་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་བཅོས་བསྒྱུར་སོགས་གནད་དོན་ལ་གྲོས་བསྡུར་བྱས། 

ཉིས་སྟོང་ཉེར་གཉིས་ལོའི་ཟླ་བཅུ་བར་སྤེལ་བའི་པཱ་ཞིའི་ཙུང་ཐུང་འདེམ་བསྐོའི་ཁྲོད། ངལ་རྩོལ་བའི་ཏང་གི་འདེམ་སྒུག་པ་ཡིན་པའི་ལུའུ་ལཱ་རང་དབང་ཏང་གི་འདེམ་སྒུག་པ། སྐབས་དེའི་ཙུང་ཐུང་པའོ་སོ་ནཱ་ལོ་ལས་རྣམ་པར་རྒྱལ་ནས་ཡང་བསྐྱར་ཙུང་ཐུང་དུ་བདམས་པ་རེད། 

པེད་ཏིན་གྱིས་ཟླ་དང་པོའི་ཚེས་དགུ་ཉིན་དངོས་སུ་ལུའུ་ལཱ་ཡིས་ཨ་མེ་རི་ཁར་འཚམས་འདྲི་བྱེད་པར་གདན་ཞུ་བྱས་ཏེ། ལུའུ་ལཱ་སྲིད་གཞུང་ལ་རྒྱབ་སྐྱོར་བྱེད་པའི་བསམ་ཚུལ་མཚོན་པར་བྱས། 


བསོད་ནམས་ཚེ་རིང་གིས་བསྒྱུར།