རྒྱ་གྲམ་དམར་པོ་ཚོགས་པའི་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྲི་པའོ་ལེ་ཡཱ་ལི་ཆི་ཡིས་ཚེས་བཅུ་ཉིན་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཁ་པར་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། ཐུར་ཁེའི་ལྷོ་ཕྱོགས་ཀྱི་སི་རི་ཡཱའི་མཐའ་མཚམས་དང་ཉེ་བའི་ས་ཁུལ་དུ་ཚེས་དྲུག་ཉིན་ས་ཡོམ་དྲག་པོ་བྱུང་རྗེས། རྒྱ་གྲམ་དམར་པོ་ཚོགས་པའི་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་གིས་སི་རི་ཡཱའི་ས་ཡོམ་གྱི་གནོད་འཚེ་ཐེབས་པའི་ས་ཁུལ་དུ་བྲེལ་མྱུར་རོགས་སྐྱོར་བྱས་ཀྱང་། ས་དེའི་མི་ཆོས་གནས་བབ་སྔར་བཞིན་འགྲན་སློང་ཆེན་པོར་འཕྲད་ཡོད་ཟེར།
ཧྲི་པའོ་ལེ་ཡཱ་ལི་ཆི་ཡིས་བསྟན་དོན། རྒྱ་གྲམ་དམར་པོ་ཚོགས་པའི་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་གིས་འདོན་སྤྲོད་བྱས་པའི་བྲེལ་མྱུར་རོགས་སྐྱོར་ལ་ཟས་རིགས་དང་འཐུང་ཆུ། སྨན་བཅོས་དངོས་རྫས་སོགས་འདུས། ཡིན་ཡང་ཆུ་འདོན་དང་དྲོད་འདོན་སོགས་རྨང་གཞིའི་སྤྱི་བའི་ཞབས་ཞུ་འདུས་པའི་མི་ཆོས་རྒུད་སྐྱོབ་བྱ་བ་སྔར་བཞིན་དཀའ་ཁག་ལ་འཕྲད་ཡོད་ཟེར། ཁོ་མོས་བཤད་རྒྱུར། ཨ་ལེ་ཕའོ་སོགས་སི་རི་ཡཱའི་གནོད་ཐེབས་ས་ཁུལ་དུ་ལོ་མང་བོར་ཉམས་ཉེན་བྱུང་ནས། རྨང་གཞིའི་སྒྲིག་ཆས་དང་ས་དེའི་མང་ཚོགས་ཀྱི་འཚོ་བ་མ་གཞི་ནས་ཉམས་ཞན་ཡིན་པས། ཐེངས་འདིའི་ས་ཡོམ་གྱིས་གནས་ཚུལ་དེ་སྔར་ལས་ཇེ་སྡུག་ཏུ་བཏང་ཡོད་ཟེར།
ཧྲི་པའོ་ལེ་ཡཱ་ལི་ཆི་ཡིས་བཤད་རྒྱུར། འཐབ་འཁྲུག་གི་སྐབས་སུ་ས་དེའི་དམངས་སྤྱོད་རྨང་གཞིའི་སྒྲིག་ཆས་ལ་རྒྱ་ཆེར་གཏོར་བརླག་ཐེབས་པ་དང་། ས་ཡོམ་ལས་ཀྱང་བསྐྱར་འཛུགས་བྱས་མ་ཐག་པའི་ཁང་བ་མང་བོར་རྡིབས་སྐྱོན་བྱུང་། མིག་སྔར་གནས་སྐབས་སུ་ཉེན་ཡོལ་བྱེད་པའི་མང་ཚོགས་དག་དུས་ནམ་ཞིག་ལ་ཕྱིར་རང་ཁྱིམ་དུ་ལོག་ཐུབ་པ་ད་རུང་ཤེས་ཐུབ་མེད་ཟེར། ཁོ་མོས་ནན་གྱིས་བསྟན་དོན། ས་དེའི་མང་ཚོགས་ལ་དྲོད་འདོན་དངོས་རྫས་དང་ཟས་རིགས། འཐུང་ཆུ་སོགས་མཁོ་བ་དང་། སྨན་བཅོས་རོགས་སྐྱོར་དེ་བས་ཀྱང་ལྷག་ཏུ་མཁོ་ཟེར།
ཧྲི་པའོ་ལེ་ཡཱ་ལི་ཆི་ཡིས་བསྟན་དོན། མིག་སྔར་རྒྱ་གྲམ་དམར་པོ་ཚོགས་པའི་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་ལ་གནོད་ཐེབས་མང་ཚོགས་དག་སི་རི་ཡཱའི་གནས་གང་ཞིག་ཏུ་ཡོད་ཀྱང་ཚང་མར་རོགས་སྐྱོར་བྱེད་པའི་རྒྱུ་ལམ་ཞིག་མཁོ་གལ་ཆེ་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།