ཨེ་ཅིབ་ཀྱི་ཙུང་ཐུང་གིས་ཕཱ་ལེ་སི་ཐན་གྱི་ཛ་དྲག་གི་གནས་བབ་ལས་ས་ཁུལ་གྱི་བདེ་འཇགས་ལ་འཇིགས་ཉེན་བཟོ་སྲིད་པའི་ཚུལ་བསྟན། 
2023.02.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18

ཨེ་ཅིབ་ཀྱི་ཙུང་ཐུང་སེ་ཞི་ཡིས་ཚེས་བཅུ་གཉིས་ཉིན་བསྟན་དོན། ཕཱ་ལེ་སི་ཐན་གྱི་ཛ་དྲག་གི་གནས་བབ་ལས་ས་ཁུལ་གྱི་བདེ་འཇགས་བརྟན་འཇགས་ལ་འཇིགས་ཉེན་བཟོས་ནས། རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་དངོས་འབེབས་བྱེད་པར་བཀག་འགོག་ཐེབས་སྲིད་ཟེར། 

སེ་ཞི་དང་ཕཱ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པཱ་སི། ཅོར་ཏན་རྒྱལ་ཁབ་ཀྱི་རྒྱལ་བོ་ཨ་པུའུ་ཏུའུ་ལཱ་སྐུ་ཕྲེང་གཉིས་པ། ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་དྲུང་ཡིག་ཆེན་མོ་ཀའེ་ཐི། དེ་མིན་ཨ་རབ་རྒྱལ་ཁབ་རེ་འགའི་མཐོ་རིམ་འཐུས་ཚབ་ཚོགས་པ་བཅས་ཀྱིས་ཉིན་དེར་ཨེ་ཅིབ་ཀྱི་རྒྱལ་ས་ཁེ་རོ་ན་ཡོད་པའི་ཨ་རབ་མནའ་འབྲེལ་གྱི་སྤྱི་ཁྱབ་པུའུ་ནས་གྲོས་ཚོགས་བསྡུས་ཏེ། ཉེ་སྔོན་རྒྱུན་ཆད་མེད་པར་ཛ་དྲག་ཏུ་འགྱུར་བཞིན་པའི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་ཛ་དྲག་གི་གནས་བབ་ལ་གྲོས་བསྡུར་བྱས། 

སེ་ཞི་ཡིས་ཚོགས་ཐོག་ནས་བསྟན་དོན། མིག་སྔའི་ཛ་དྲག་གི་གནས་བབ་ཀྱིས་རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་དངོས་འབེབས་བྱེད་པར་བཀག་འགོག་ཐེབས་ཡོད་པས། ཕྱོགས་སོ་སོས་ཡེ་ལུའུ་སཱ་ལེམ་གྱི་ད་ལྟའི་གནས་བབ་བསྒྱུར་བའི་བྱེད་ཐབས་གང་རུང་སྤྱད་ནས། ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་གྲོས་མོལ་མདུན་ལྗོངས་ལ་ཤུགས་རྐྱེན་ཐེབས་སུ་འཇུག་མི་རུང་ཟེར། 

ཨ་པུའུ་ཏུའུ་ལཱ་སྐུ་ཕྲེང་གཉིས་པས་བསྟན་དོན། མིག་སྔར་ཕཱ་ལེ་སི་ཐན་མི་དམངས་ལ་རྒྱབ་སྐྱོར་བྱེད་པའི་ཤུགས་ཚད་ཇེ་ཆེར་གཏོད་དགོས་པ་དང་། ཕཱ་ལེ་སི་ཐན་གྱི་ལས་དོན་སྔར་བཞིན་ཅོར་ཏན་གྱི་ལས་འགན་གཙོ་བོ་ཞིག་ཡིན་ཟེར། 

ཨ་པཱ་སི་ཡིས་བཤད་རྒྱུར། ཕཱ་ལེ་སི་ཐན་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་ཆོད་ཅིག་འཚོལ་ཞིབ་བྱེད་རྒྱུ་ཡིན་པ་དང་། ཕཱ་ལེ་སི་ཐན་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དངོས་གཞིའི་ཁོངས་གཏོགས་རྒྱལ་ཁབ་ཀྱི་ཐོབ་ཐང་བྱིན་ནས། རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་དངོས་འབེབས་བྱེད་པར་འགན་སྲུང་བྱེད་དགོས་ཟེར། 

ཕཱ་ལེ་སི་ཐན་དང་དབྱི་སི་རལ་ས་ཁུལ་གྱི་ཛ་དྲག་གི་གནས་བབ་ཉེ་སྔོན་ཇེ་སྡུག་ཏུ་སོང་བ་དང་། དབྱི་སི་རལ་གྱི་དམག་དཔུང་གིས་ཅོར་ཏན་གཙང་བོའི་ནུབ་འགྲམ་དང་ཡེ་ལུའུ་སཱ་ལེམ་གྱི་ས་ཁུལ་མང་བོ་ནས་ཕཱ་ལེ་སི་ཐན་གྱི་མིའི་བར་འཁྲུག་རྩོད་བྱས་ནས་ཤི་རྨས་ཐེབས་ཡོད། ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནས་བབ་ཛ་དྲག་ཏུ་གྱུར་བ་དང་བསྟུན་ནས། ཕཱ་ལེ་སི་ཐན་ཕྱོགས་ཀྱིས་དབྱི་སི་རལ་བར་གྱི་བདེ་འཇགས་ཁྱབ་ཁོངས་ཀྱི་མཉམ་ལས་མཚམས་འཇོག་རྒྱུ་ཁྱབ་བསྒྲགས་བྱས་པ་དང་། དབྱི་སི་རལ་ཕྱོགས་ཀྱིས་ཀྱང་ཕཱ་ལེ་སི་ཐན་གྱི་མིར་དམིགས་པའི་ཆད་གཅོད་བྱེད་ཐབས་སྐོར་ཞིག་ཁྱབ་བསྒྲགས་བྱས་ཡོད། 


བསོད་ནམས་ཚེ་རིང་གིས་བསྒྱུར།