ཨ་སེ་པེད་ཅང་གི་ཙུང་ཐུང་བཞུགས་ཤག་གིས་ཚེས་བཅུ་གསུམ་ཉིན་སྤེལ་བའི་གནས་ཚུལ་ལྟར་ན། ཨ་སེ་པེད་ཅང་གི་ལོ་རྒྱུས་སྟེང་འཁོར་ཚན་གྱི་ཤོང་ཚད་ཆེས་ཆེ་བའི་མེ་ཤུགས་གློག་འདོན་བཟོ་གྲྭའི་རྨང་འདིང་མཛད་སྒོ་ཉིན་དེར་རྒྱལ་ས་པཱ་ཁུའུ་ནས་སྤེལ།
ཨ་སེ་པེད་ཅང་གི་ཙུང་ཐུང་ཨ་ལེ་ཡེ་ཧྥུའུ་མཛད་སྒོར་ཞུགས་ནས་ཞུ་ཚིག་ཕུལ་ཏེ། འཁོར་ཚན་དེའི་ཤོང་ཚད་ཀྲའོ་ཝ་ཆིག་སྟོང་ཉིས་བརྒྱ་བརྒྱད་ཅུར་བསླེབས་པའི་མེ་ཤུགས་གློག་འདོན་བཟོ་གྲྭ་དེ་ཨ་སེ་པེད་ཅང་གི་ནུས་ཁུངས་ལྟེ་གནས་མེན་ཀའེ་ཆཱ་ཝུའུ་ཨར་གྲོང་ཁྱེར་ནས་འཛུགས་སྐྲུན་བྱེད་རྒྱུ་ཡིན་པ་དང་། ཚོད་དཔག་བྱས་ན་ཉིས་སྟོང་ཉེར་ལྔ་ལོར་དངོས་སུ་བཀོལ་སྤྱོད་བྱེད་རྒྱུ་རེད། ལས་གཞིའི་སྤྱིའི་དངུལ་གཏོང་མེ་སྒོར་དུང་ཕྱུར་བཞི་ལས་བརྒལ་ཡོད་པ་དང་། དེའི་ནང་བརྒྱ་ཆའི་དྲུག་ཅུའི་མ་དངུལ་དེ་ཨ་སེ་པེད་ཅང་རྒྱལ་ཁབ་ཀྱི་ཆེས་ཆེ་བའི་གློག་ཤུགས་མཁོ་འདོན་ཚོང་བ་ཨ་སེ་པེད་ཅང་རྒྱལ་ཁབ་གློག་ཤུགས་ཀུང་ཟི་ཡིས་འདོན་སྤྲོད་བྱེད་རྒྱུ་ཡིན་ལ། དེའི་འཕྲོའི་བརྒྱ་ཆའི་བཞི་བཅུའི་མ་དངུལ་དེ་དངུལ་ཁང་ནས་བསྐྱི་རྒྱུ་ཡིན་ཟེར།
ཨ་ལེ་ཡེ་ཧྥུའུ་ཡིས་བཤད་རྒྱུར། གློག་འདོན་བཟོ་གྲྭ་དེ་འགྲུབ་ན་ཨ་སེ་པེད་ཅང་གིས་ལོ་རེར་སྨིད་རྒྱ་དཔངས་གྲུ་བཞི་མ་ཐེར་འབུམ་གཅིག་ཙམ་གྱི་རང་བྱུང་སོལ་རླངས་གྲོན་ཆུང་བྱེད་ཐུབ་ཟེར།
ས་དེའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཀྲུང་གོའི་ཤར་ཕྱོགས་གློག་ཆས་སྡེ་ཚོགས་ཚད་ཡོད་ཀུང་སི་ཡིས་ཁྲོ་ཐབ་དང་གློག་འགྱུར་ཆས་སོགས་སྒྲིག་ཆས་འདོན་སྤྲོད་བྱེད་རྒྱུ་ཡིན་པ་དང་། དབྱི་ཐཱ་ལེའི་ཁེ་ལས་ཀྱིས་སོལ་རླངས་འཁོར་ཆས་དང་གློག་འདོན་འཕྲུལ་ཆས་སོགས་འདོན་སྤྲོད་བྱེད་རྒྱུ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།