བྱང་ཆིངས་རྩ་འཛུགས་ཀྱིས་སི་ཐའོ་ཨར་ཐིན་པེ་ཀི་ཡིས་ད་ལོའི་ཟླ་བཅུ་བར་དུས་ལྟར་དྲུང་ཡིག་ཆེན་མོའི་ལས་འགན་བསྐྱུར་རྒྱུ་ཡིན་པ་ཁས་ལེན་བྱས། 
2023.02.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

ཉིས་སྟོང་ཉེར་གཉིས་ལོའི་ཟླ་དྲུག་པའི་ཚེས་བཅུ་དྲུག་ཉིན། པུ་ལི་ཧྲིའི་པུའུ་ལུའུ་སེར་དུ་ཡོད་པའི་བྱང་ཆིངས་རྩ་འཛུགས་ཀྱི་སྤྱི་ཁྱབ་པུའུ་ནས། བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་སི་ཐའོ་ཨར་ཐིན་པེ་ཀི་ཡིས་བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གི་རྒྱལ་སྲུང་བློན་ཆེན་གྱི་གྲོས་ཚོགས་གྲོལ་རྗེས་ཀྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་གཏམ་བཤད་སྤེལ་བཞིན་པ། 

ནུབ་ཀྱི་རྒྱ་མཚོ་ཆེན་མོ་བྱང་མའི་སྤྱི་ཆིངས་རྩ་འཛུགས་ཀྱི་མགྲིན་ཚབ་པས་ཉེ་སྔོན་འཇར་མན་སྨྱན་བྱད་ཀྱི་བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་སི་ཐའོ་ཨར་ཐིན་པེ་ཀི་ཡི་འགན་ཡུན་སང་ལོའི་དཔྱིད་ཀའི་བར་ཇེ་རིང་དུ་གཏོང་བའི་སྐོར་གྱི་གནས་ཚུལ་དེ་ཁས་ལེན་མ་བྱས་པ་དང་། སི་ཐའོ་ཨར་ཐིན་པེ་ཀི་ཡི་འགན་ཡུན་དེ་ད་ལོའི་ཟླ་བཅུ་བར་མཇུག་སྒྲིལ་བ་ཡིན་ལ། ཁོས་མུ་མཐུད་དུ་ལས་འགན་དེ་ཁུར་འདོད་མེད་ཟེར། 

བྱང་ཆིངས་རྩ་འཛུགས་ཀྱི་མགྲིན་ཚབ་པ་ལོན་ཅེ་སི་ཁུའུ་ཡིས་བཤད་རྒྱུར། སི་ཐའོ་ཨར་ཐིན་པེ་ཀི་ཡི་འགན་ཡུན་ཐེངས་གསུམ་ལ་ཇེ་རིང་དུ་བཏང་ཡོད། ཁོས་བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོའི་འགན་ཁུར་ནས་ཧ་ལམ་ལོ་དགུ་འགོར་ཡོད་པ་དང་། ཁོས་ད་ལོའི་འགན་ཡུན་མཇུག་སྒྲིལ་རྗེས་མུ་མཐུད་དུ་ལས་འགན་དེ་ཁུར་འདོད་མེད་ཟེར། 

སི་ཐའོ་ཨར་ཐིན་པེ་ཀི་ནི་ད་ལོར་ལོ་རེ་གསུམ་ཡིན་པ་དང་། ཉིས་སྟོང་ལོ་ནས་ཉིས་སྟོང་གཅིག་ལོའི་བར་དང་། ཉིས་སྟོང་ལྔ་ལོ་ནས་ཉིས་སྟོང་བཅུ་གསུམ་ལོའི་བར་ནོར་ཝེ་ཡི་དབུ་བཞུགས་བློན་ཆེན་གྱི་འགན་ཐེངས་གཉིས་ལ་ཁུར་མྱོང་བ་དང་། ཉིས་སྟོང་བཅུ་བཞི་ལོ་ནས་བཟུང་ད་ལྟའི་བར་བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོའི་འགན་ཁུར་བ་རེད། ན་ནིང་ཟླ་གསུམ་པར་ཁོའི་འགན་ཡུན་ཇེ་རིང་དུ་གཏོང་བར་ཆོག་མཆན་ཐོབ་པ་རེད།

ལོན་ཅེ་སི་ཁུའུ་ཡིས་གོང་གི་སྐད་ཆ་དེ་མ་བཤད་གོང་། འཇར་མན་གྱི་གཟའ་ཉི་མའི་འཛམ་གླིང་ཚགས་པར་གྱིས་བསྒྲགས་པ་ལྟར་ན། སི་ཐའོ་ཨར་ཐིན་པེ་ཀི་ཡི་འགན་ཡུན་སང་ལོའི་དཔྱིད་ཀའི་བར་ཡང་བསྐྱར་ཇེ་རིང་དུ་གཏོང་རྒྱུ་ཡིན་པ་དང་། སྐབས་ཐོག་དེར་ཁོས་སང་ལོའི་ཟླ་བཞི་བའི་བྱང་ཆིངས་རྩ་འཛུགས་བཙུགས་ནས་ལོ་ངོ་དོན་ལྔ་འགོར་བའི་མཐོ་རིམ་གྲོས་ཚོགས་ལ་མགོ་འཛིན་བྱེད་རྒྱུ་རེད་ཟེར། 

གཟའ་ཉི་མའི་འཛམ་གླིང་ཚགས་པར་གྱིས་བསྒྲགས་པ་ལྟར་ན། སི་ཐའོ་ཨར་ཐིན་པེ་ཀི་ཡིས་བྱང་ཆིངས་རྩ་འཛུགས་ལ་བྱས་རྗེས་བཞག་ཡོད་པ་དང་། མུ་མཐུད་དུ་བྱང་ཆིངས་རྩ་འཛུགས་ཀྱིས་དཀའ་ཁག་ཆེ་བའི་སྐབས་ཀྱི་མགོ་ཁྲིད་རིམ་པའི་གཏན་འཇགས་ལ་འགན་སྲུང་བྱེད་པར་ཕན་ཐོགས་ཡོད། ཁོས་སང་ལོར་ལས་འགན་བསྐྱུར་རྗེས་མཱ་ཨར་ཕཱ་སི་ཡི་ཚབ་ཏུ་སྐབས་རྗེས་མའི་འཛམ་གླིང་དངུལ་ཁང་གི་མགོ་བར་འགྱུར་ཡང་སྲིད། མཱ་ཨར་ཕཱ་སིའི་འགན་ཡུན་ནི་སང་ལོའི་ཟླ་བཞི་བར་མཇུག་སྒྲིལ་རྒྱུ་རེད། སི་ཐའོ་ཨར་ཐིན་པེ་ཀིའི་རྒྱུན་འཛིན་པ་ནི་སི་ཕན་གྱི་དབུ་བཞུགས་བློན་ཆེན་ཕའེ་ཏི་ལོ་སིང་ཆེ་སི་དང་དབྱིན་ཇིའི་རྒྱལ་སྲུང་བློན་ཆེན་པིན་ཧྭ་ལའེ་ཧྲི་ཡིན་པར་ཀུན་གྱིས་བསམ་བཞིན་ཡོད་ཟེར། 

ཚོད་དཔག་བྱས་ན་བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་ཆེས་འཕྱིས་ན་ད་ལོའི་ཟླ་བདུན་པའི་བྱང་ཆིངས་རྩ་འཛུགས་ཀྱི་མཐོ་རིམ་གྲོས་ཚོགས་སྟེང་དྲུང་ཡིག་ཆེན་མོའི་འདེམ་སྒུག་མི་སྣ་གཏན་འཁེལ་བྱེད་རྒྱུ་རེད། 

སི་ཐའོ་ཨར་ཐིན་པེ་ཀི་ཡིས་ལས་འགན་ཁུར་བའི་སྐབས་སུ་ཡོ་རོབ་གླིང་གི་འགོག་སྲུང་འགྲོ་སོང་མཐུན་སྦྱོར་བྱེད་པའི་ཐད་ནུས་པ་འདོན་སྤེལ་བྱས་ཡོད་པ་རེད། 


བསོད་ནམས་ཚེ་རིང་གིས་བསྒྱུར།