པུ་ཁི་ནཱ་ཧྥ་སོ་ཡི་འབྲེལ་ཡོད་མི་སྣས་ཚེས་བཅུ་གསུམ་ཉིན་བཤད་རྒྱུར། པུ་ཁི་ནཱ་ཧྥ་སོའི་ནུབ་བྱང་ཕྱོགས་དང་ཤར་ཕྱོགས་ས་ཁུལ་དུ་ཉེ་སྔོན་འཇབ་རྒོལ་དོན་རྐྱེན་ཐེངས་གཉིས་བྱུང་སྟེ། ཉུང་མཐར་ཡང་མི་བཅུ་དགུ་རྐྱེན་ལམ་དུ་ཤོར་ཟེར།
ས་དེའི་བདེ་འཇགས་སྡེ་ཁག་གི་མི་སྣས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། དྲག་ཆས་ཉེས་ཅན་གྱིས་ཚེས་བཅུ་གཉིས་ཉིན་གྱི་དགོང་མོར་ཤར་ཕྱོགས་ཀྱི་ཁུའུ་ཨར་པེ་ལོ་ཀི་ཞིང་ཆེན་གྱི་སྡེ་བ་ཞིག་ལ་འཇབ་རྒོལ་བྱས་ཏེ། ཉུང་མཐར་ཡང་དམངས་དམག་གཉིས་དང་བཅས་པའི་མི་བཅུ་གཉིས་རྐྱེན་ལམ་དུ་ཤོར་བ་དང་། འཕྲིན་གཏོང་རྨང་གཞིའི་སྒྲིག་ཆས་ལ་གཏོར་བརླག་བཟོས་ཡོད་ཟེར།
གཞན་ཡང་ས་དེའི་གནས་ཚུལ་ཤེས་མཁན་གྱིས་བཤད་རྒྱུར། དྲག་ཆས་ཉེས་ཅན་གྱིས་ཚེས་དགུ་ཉིན་ནུབ་བྱང་ཕྱོགས་ཀྱི་ཁི་ཞི་ཞིང་ཆེན་ནས་དམངས་དམག་བར་འཁྲུག་རྩོད་བྱས་ཏེ། དམངས་དམག་བདུན་བསད་པ་རེད་ཟེརར།
མིག་སྔར་རྩ་འཛུགས་གང་རུང་གིས་འཇབ་རྒོལ་དོན་རྐྱེན་དེ་གཉིས་བཟོས་པ་ཁས་ལེན་བྱས་མེད་ལ། པུ་ཁི་ནཱ་ཧྥ་སོའི་དཔོན་ཕྱོགས་ཀྱིས་འཇབ་རྒོལ་དོན་རྐྱེན་དེའི་ཐད་ནས་འབྲེལ་ཡོད་གསལ་སྒྲོག་སྤེལ་མེད།
བསོད་ནམས་ཚེ་རིང་གིས་བསྒྱུར།