སྐབས་དྲུག་པའི་འཛམ་གླིང་ཡོངས་ཀྱི་རྒྱུན་མཐུད་ཚན་རྩལ་དང་གསར་གཏོད་ཚོགས་ཆེན་ནས་རིམས་ནད་རྗེས་ཀྱི་སླར་གསོའི་བྱ་བ་གཙོར་བཟུང་ཡོད། 
2023.02.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 12

སྐབས་དྲུག་པའི་འཛམ་གླིང་ཡོངས་ཀྱི་རྒྱུན་མཐུད་ཚན་རྩལ་དང་གསར་གཏོད་ཚོགས་ཆེན་ཚེས་ཅུ་གསུམ་ཉིན་ལི་ཡའོ་རི་ནེ་ལུའུ་ནས་ཚོགས་མགོ་བརྩམས། དེ་ནི་གྲོས་ཚོགས་དེ་ཐོག་དང་པོར་མེ་གླིང་ས་ཁུལ་ནས་བསྡུས་པ་རེད། ཐེངས་འདིའི་གྲོས་ཚོགས་ཀྱི་བརྗོད་སྙིང་ནི་འདྲ་མཉམ་དང་རྒྱུན་མཐུད་ཀྱི་མ་འོངས་པའི་ཆེད་དུ། ཚན་རྩལ་གསར་གཏོད་བེད་སྤྱད་ནས་རིམས་ནད་རྗེས་ཀྱི་སླར་གསོ་མངོན་འགྱུར་བྱེད་དགོས་ཞེས་པ་དེ་རེད། 

ཚོགས་ཡུན་ཉིན་གསུམ་ཡིན་པའི་གྲོས་ཚོགས་སྐབས་སུ། ཚོགས་ཞུགས་འཐུས་མི་དག་གིས་དྲ་ཐོག་དང་ཡུལ་དངོས་ཟུང་དུ་འབྲེལ་བའི་བྱེད་ཐབས་ལ་བརྟེན་ནས། ནམ་ཟླའི་འགྱུར་ལྡོག་དང་སྐྱེ་དངོས་སྣ་མང་ཅན། ཡང་བསྐྱར་བེད་སྤྱོད་བྱས་ཆོག་པའི་ནུས་ཁུངས། ཆུ་དང་ཟས་རིགས་བདེ་འཇགས། དེ་མིན་པྲོག་གསར་གློ་ཚད་རིམས་ནད་རྗེས་ཀྱི་བསྐྱར་འཛུགས་སོགས་གྲོས་གཞིར་གྲོས་བསྡུར་ཞིབ་ཏུ་བྱེད་རྒྱུ་རེད། 

པཱ་ཞིའི་འཕྲོད་བསྟེན་པུའུ་ཀྲང་ཐི་ལིན་ཏཱ་ཏི་ཡིས་ཚོགས་མགོ་རྩོམ་པའི་གཏམ་བཤད་སྤེལ་སྐབས། ཉིས་སྟོང་སུམ་ཅུ་ལོའི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་ནི་འཛམ་གླིང་རང་བཞིན་གྱི་འཆར་གཞི་ཆེས་བཟང་བོ་ཞིག་ཡིན་པས། ང་ཚོས་ངེས་པར་དུ་པྲོག་གསར་གློ་ཚད་རིམས་ནད་རྗེས་སུ་སྔར་ལས་མཛེས་སྡུག་ལྡན་པའི་འཇིག་རྟེན་ཞིག་བསྐྱར་འཛུགས་བྱེད་དགོས་པ་དང་། ལྟོགས་སྐོམ་དང་དབུལ་ཕོངས་མེད་པར་བཏང་ནས། མི་ཚང་མས་ལ་རྒྱ་ལྡན་པའི་འཚོ་བ་ཞིག་རོལ་ཐུབ་པར་རོགས་རམ་བྱེད་དགོས་ཟེར། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་ལག་རྩལ་ལས་དོན་གྱི་ཆེད་མངག་ཕོ་ཉ་ཨ་མན་ཏིས་ཕུའུ་ཞིན་ཀི་ཅི་ཨར་གྱིས་བཤད་རྒྱུར། ང་ཚོའི་གསར་གཏོད་ལ་སྣ་མང་རང་བཞིན་ལྡན་ནས། གསོན་ཤུགས་ཆེ་ཞིང་བཟོད་སྒོམ་རང་བཞིན་ལྡན་པའི་བྱེད་ཐབས་ཀྱིས་ལག་བསྟར་བྱེད་པའི་སྐབས་སུ། ང་ཚོས་སྔར་ལས་བཟང་བའི་གོ་སྐབས་གསར་བསྐྲུན་བྱས་ནས་རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་འབེན་རྒྱ་བསྐྱེད་ཐུབ་ཟེར། 

ཀྲུང་གོའི་ཚན་རིག་གླིང་ཀོང་ཀྲིག་ནུས་ཁུངས་ཞིབ་འཇུག་ཁང་གི་ཆེད་ཞུས་དབུ་བཞུགས་ཚན་རིག་པ་ཧྲི་ཀྲིན་རོང་དྲ་ཐོག་ནས་ཡང་བསྐྱར་བེད་སྤྱོད་བྱས་ཆོག་པའི་ནུས་ཁུངས་ཀྱི་བེད་སྤྱོད་དང་ཐཱན་སྙོམས་སྦྱོར་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས་ཞེས་པའི་ཆེད་དོན་གླེང་སྟེགས་ཀྱི་དཔྱད་གླེང་ལ་ཞུགས། 


བསོད་ནམས་ཚེ་རིང་གིས་བསྒྱུར།