ཨུ་རུ་སིའི་ཙུང་ལི་གཞོན་པ་ནོའུ་ཝ་ཁི་ཡིས་ཚེས་བཅུ་གསུམ་ཉིན་ནུས་ཁུངས་སྲིད་ཇུས་ཞེས་པའི་དུས་དེབ་སྟེང་རྩོམ་ཡིག་སྤེལ་ཏེ། འདས་པའི་ལོ་གཅིག་གི་ནང་། ཨུ་རུ་སིའི་ནུས་ཁུངས་ལས་རིགས་ལ་སྔ་ན་མེད་པའི་ཕྱི་ཕྱོགས་ཀྱི་འགྲན་རྩོད་བྱུང་ཡོད་ཅིང་། ནུབ་ཕྱོགས་ཀུང་ཟི་དག་ཨུ་རུ་སིའི་ནུས་ཁུངས་ལས་གཞིའི་ནང་མི་ཞུགས་པ་དང་། ཨུ་རུ་སིའི་ནུས་ཁུངས་མཁོ་འདོན་ཐད་ཚོད་འཛིན་གང་མང་བྱེད་པ། ཨུ་རུ་སིར་སྒྲིག་ཆས་དང་ལག་རྩལ་ཕྱིར་གཏོང་བྱེད་པར་གཏན་འགོག་བྱེད་པ་སོགས་འདུས་ཡོད། ཡིན་ན་ཡང་ཨུ་རུ་སི་ཡིས་འགྲན་རྩོད་ཐག་གཅོད་གང་ལེགས་བྱས་ཏེ། ནུས་ཁུངས་ལས་རིགས་ལ་གཏན་འཇགས་ཀྱི་རྣམ་པ་བྱུང་ཡོད་ཟེར།
ནོའུ་ཝ་ཁི་ཡིས་བཤད་རྒྱུར། ཨུ་རུ་སིའི་ནུས་ཁུངས་ཁེ་ལས་ཀྱི་ཉེ་བའི་ལོ་འགའི་རིང་ལ་འཕེལ་རྒྱས་ལས་བཏིང་བའི་རྨང་གཞི་བརྟན་པོ་ལས་དེས་ཕན་ནུས་ལྡན་པའི་སྒོག་ནས་ནུབ་ཕྱོགས་ཀྱི་བཀག་སྡོམ་བྱེད་ཐབས་ཀྱི་ཤུགས་རྐྱེན་ཇེ་ཡང་དུ་གཏོང་ཐུབ་པར་མ་ཟད། འཛམ་གླིང་ཡོངས་ཀྱི་ནུས་ཁུངས་ཚོང་རར་འགྱུར་ལྡོག་འབྱུང་བའི་གནས་ཚུལ་འོག་མུ་མཐུད་དུ་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་ཟེར།
ནོའུ་ཝ་ཁི་ཡིས་ནན་གྱིས་བསྟན་དོན། ཉིས་སྟོང་ཉེར་གསུམ་ལོར་ཨུ་རུ་སིའི་ནུས་ཁུངས་སྲིད་ཇུས་ཀྱི་ཁ་ཕྱོགས་གཙོ་བོ་ནི་རྒྱལ་ནང་ཚོང་རར་འགན་ཁུར་ཐུབ་པའི་ནུས་ཁུངས་ཐོན་ཁུངས་འདོན་སྤྲོད་བྱེད་པ་དང་། རྒྱལ་ནང་གི་འཛད་སྤྱོད་དགོས་མཁོ་བསྐང་བའི་ཞོར་དུ། ཕྱིར་གཏོང་སྲུང་འཛིན་རྒྱ་བསྐྱེད་བྱེད་རྒྱུ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།