ཁོ་ལོམ་པུ་ཡཱའི་སྲིད་གཞུང་དང་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པ་ཁོ་ལོམ་པུ་ཡཱའི་མི་རིགས་བཅིངས་འགྲོལ་དམག་གིས་ཚེས་བཅུ་གསུམ་ཉིན་མའོ་ཞི་ཁོའི་རྒྱལ་ས་མའོ་ཞི་ཁོ་མཁར་ནས་སྐོར་ཐེངས་གསར་བའི་ཞི་བའི་གྲོས་མོལ་སྤེལ།
མའོ་ཞི་ཁོའི་ཕྱི་འབྲེལ་པུའུ་ཡིས་ཉིན་དེར་སྤྱི་སྒྲོག་སྤེལ་ཏེ། ཁོ་ལོམ་པུ་ཡཱའི་སྲིད་གཞུང་གི་འཐུས་ཚབ་ཚོགས་པའི་དབུ་བཞུགས་གྲོས་མོལ་འཐུས་མི་ཕཱ་ཏིས་ནེ་ཨོ་དང་ཁོ་ལོམ་པུ་ཡཱའི་མི་རིགས་བཅིངས་འགྲོལ་དམག་གི་དབུ་བཞུགས་གྲོས་མོལ་འཐུས་མི་པེ་ཨར་ཐི་ལན་གཉིས་སྐོར་ཐེངས་འདིའི་གྲོས་མོལ་ལ་ཞུགས་པ་དང་། པཱ་ཞི་དང་ཀྲི་ལི། ཁུ་པཱ། མའོ་ཞི་ཁོ། ནོར་ཝེ། ཝེ་ནེ་ཙུའེ་ལཱ་སོགས་རྒྱལ་ཁབ་ཀྱི་འཐུས་མི་གྲོས་མོལ་ལ་ཞུགས། ཚོད་དཔག་བྱས་ན་གྲོས་མོལ་གཟའ་འཁོར་འགའི་རིང་སྤེལ་རྒྱུ་རེད།
སྤྱི་སྒྲོག་ལས་བཤད་རྒྱུར། ཕྱོགས་སོ་སོའི་གྲོས་མཐུན་ལྟར་ན། སྐོར་ཐེངས་འདིའི་གྲོས་མོལ་ནས་ཁོ་ལོམ་པུ་ཡཱའི་སྲིད་གཞུང་དང་ཁོ་ལོམ་པུ་ཡཱའི་མི་རིགས་བཅིངས་འགྲོལ་དམག་གིས་ན་ནིང་ཟླ་བཅུ་གཅིག་པར་ཝེ་ནེ་ཙུའེ་ལཱ་རུ་སྤེལ་བའི་སྐོར་ཐེངས་སྔོན་མའི་གྲོས་མོལ་ནས་བཀོད་པའི་གྲོས་མཐུན་ལག་བསྟར་བྱས་པའི་གནས་ཚུལ་ལ་དཔྱད་འཇོག་བྱེད་རྒྱུ་ཡིན་པ་དང་། ཞི་བའི་གྲོས་མོལ་གྱི་གྲོས་རིམ་རྩོམ་འབྲི་དང་ཇུས་གཞི་ལེགས་སྒྲིག་བྱས་ནས། འཁྲུག་རྩོད་མཚམས་འཇོག་པའི་དོན་སོགས་ལ་གྲོས་བསྡུར་བྱེད་རྒྱུ་རེད།
ཁོ་ལོམ་པུ་ཡཱའི་མི་རིགས་བཅིངས་འགྲོལ་དམག་གིས་དུས་རབས་ཕྱེད་ཀ་ལྷག་གི་རིང་ལ་སྲིད་གཞུང་དམག་དཔུང་བར་འཐབ་འཁྲུག་གི་རྣམ་པར་གནས་ཡོད་ལ། ད་ལྟ་ཁོ་ལོམ་པུ་ཡཱ་རུ་ཡོད་པའི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པ་གཅིག་པུ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།