མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པས་སི་རི་ཡཱའི་རྒུད་སྐྱོབ་དངོས་རྫས་ཀྱི་སྐྱེལ་འདྲེན་རྒྱུ་ལམ་འབྱེད་དགོས་པའི་འབོད་སྐུལ་བཏང་། 
2023.02.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 32

ཟླ་གཉིས་པའི་ཚེས་བཅུ་གཅིག་ཉིན། རྒུད་སྐྱོབ་དངོས་རྫས་དྲུད་པའི་ལེ་པཱ་ནུན་གྱི་རླངས་འཁོར་ཞིག་མཐའ་མཚམས་ཀྱི་ཨ་ལི་ཏཱ་རྒྱུ་ལམ་བརྒྱུད་དེ་སི་རི་ཡཱ་རུ་བགྲོད་རྩིས་བྱེད་བཞིན་པ། 

ཟླ་གཉིས་པའི་ཚེས་དགུ་ཉིན། འཕྲུལ་ཆས་ཆེ་གྲས་དག་སི་རི་ཡཱའི་ཨ་ལེ་པའོ་རུ་རྒུད་སྐྱོབ་ལ་ཞུགས་བཞིན་པ། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་ཆོས་རིང་ལུགས་ལས་དོན་གྱི་འགན་ཁུར་བའི་དྲུང་ཡིག་ཆེན་མོ་གཞོན་པ་ཀི་ལི་ཧྥེ་སི་ཚེས་བཅུ་གསུམ་ཉིན་སི་རི་ཡཱའི་ནུབ་བྱང་ཕྱོགས་ཀྱི་ས་ཡོམ་གནོད་འཚེ་ཐེབས་ས་ཨ་ལེ་ཕའོ་གྲོང་ཁྱེར་དུ་འབྱོར་བ་དང་། སི་རི་ཡཱ་རྒྱལ་ནང་གི་རྒུད་སྐྱོབ་དངོས་རྫས་སྐྱེལ་འདྲེན་བྱེད་པའི་རྒྱུ་ལམ་འབྱེད་དགོས་པའི་འབོད་སྐུལ་བཏང་། 

ཨ་ལེ་ཕའོ་གྲོང་ཁྱེར་ནི་ཨ་ལེ་པའོ་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཡིན་ཞིང་། མིག་སྔར་སི་རི་ཡཱའི་སྲིད་གཞུང་གིས་ཚོད་འཛིན་བྱས་ཡོད་ཀྱང་། ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་པས་སྔར་བཞིན་ཨ་ལེ་ཕའོ་ཞིང་ཆེན་ནུབ་ཕྱོགས་ཀྱི་ས་ཁུལ་སྐོར་ཞིག་དང་སི་རི་ཡཱའི་ནུབ་བྱང་ཕྱོགས་དང་བྱང་ཤར་ཕྱོགས་ཀྱི་ས་ཁུལ་སྐོར་ཞིག་ཚོད་འཛིན་བྱེད་བཞིན་ཡོད། ཀི་ལི་ཧྥེ་སི་ཡིས་ཨ་ལེ་ཕའོ་གྲོང་ཁྱེར་དུ་ས་ཡོམ་གྱི་གནོད་འཚེའི་གནས་ཚུལ་ལ་རྟོག་ཞིབ་བྱེད་སྐབས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཕྱོགས་ཀྱིས་རྒུད་སྐྱོབ་དངོས་རྫས་དག་སྲིད་གཞུང་གིས་ཚོད་འཛིན་བྱེད་པའི་ས་ཁུལ་ནས་ངོ་རྒོལ་ཕྱོགས་ཁག་གིས་ཚོད་འཛིན་བྱེད་པའི་ས་ཁུལ་དུ་སྐྱེལ་རྩིས་ཡོད་ཀྱང་། རྒུད་སྐྱོབ་དངོས་རྫས་དག་གཡུལ་ས་ནས་ཐར་ཐབས་མེད་ཟེར། 

ཀི་ལི་ཧྥེ་སི་ཡིས་བཤད་རྒྱུར། ང་ཚོའི་རོགས་སྐྱོར་དེ་ཨ་ལེ་ཕའོ་གྲོང་ཁྱེར་ནས་ནུབ་བྱང་ས་ཁུལ་དུ་སྐྱེལ་རྒྱུ་ཡིན་ཡང་། ནུབ་བྱང་ཕྱོགས་ནི་སི་རི་ཡཱའི་ཕྱོགས་ཙམ་རེད་ཟེར། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སི་རི་ཡཱའི་གནོད་ཐེབས་ས་ཁུལ་སོ་སོར་རོགས་སྐྱོར་བྱེད་དགོས་པའི་འབོད་སྐུལ་བཏང་ཡོད་ཟེར། 

ཀི་ལི་ཧྥེ་སི་ཡིས་ཚེས་བཅུ་གསུམ་ཉིན་བཤད་རྒྱུར། མི་སྣའི་རྒུད་སྐྱོབ་བྱ་བ་མཇུག་སྒྲིལ་ལ་ཉེ་བ་དང་། མིག་སྔའི་བྱ་བའི་གཙོ་གནད་ནི་ཉེན་ཡོལ་བྱེད་ས་དང་ཟས་རིགས་སོགས་འབྲེལ་ཡོད་བྱ་བའི་ཕྱོགས་སུ་བསྒྱུར་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཕྱོགས་ཀྱི་དངོས་སྐྱེལ་རླངས་འཁོར་དྲུག་ཚེས་བཅུ་གསུམ་ཉིན་སི་རི་ཡཱའི་ནུབ་བྱང་ཕྱོགས་ཀྱི་དབྱེ་ཏི་ལེ་པུའུ་ཞིང་ཆེན་དུ་བགྲོད་བཞིན་ཡོད་པ་དང་། གཙོ་བོ་རས་གུར་སོགས་སྐྱེལ་བཞིན་ཡོད་ཟེར། 

དབྱེ་ཏི་ལེ་པུའུ་ཞིང་ཆེན་ནི་ཐེངས་འདིའི་ས་ཡོམ་གྱི་གནོད་ཐེབས་ས་ཁུལ་གཙོ་བོ་ཞིག་ཡིན་པ་དང་། གཙོ་བོ་སི་རི་ཡཱའི་བཅིངས་འགྲོལ་མནའ་འབྲེལ་ཞེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་ཚོད་འཛིན་བྱས་ཡོད། རྩ་འཛུགས་དེ་དང་རྟེན་གཞིའི་རྩ་འཛུགས་བར་འབྲེལ་བ་ཡོད་ལ། མཉམ་འབྲེལ་རྒྱལ་ཚོགས་དང་ཨ་མེ་རི་ཁ་སོགས་རྒྱལ་ཁབ་མང་བོས་འཇིགས་སྐུལ་རྩ་འཛུགས་ཀྱི་གྲས་སུ་བཞག་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་ཆོས་རིང་ལུགས་ལས་དོན་མཐུན་སྦྱོར་ཐིན་གྱི་མགྲིན་ཚབ་པ་ལཱ་ཨར་ཁི་ཡིས་ཚེས་བཅུ་གཉིས་ཉིན་སི་རི་ཡཱའི་བཅིངས་འགྲོལ་མནའ་འབྲེལ་གྱིས་རྒུད་སྐྱོབ་དངོས་རྫས་ཀྱི་སྐྱེལ་འདྲེན་ལ་གནད་དོན་བཟོས་ཡོད་ཟེར་ཡང་། ཁོས་ཞིབ་ཏུ་འགྲེལ་བརྗོད་བྱས་མེད། 

བསྒྲགས་པ་ལྟར་ན། ཀི་ལི་ཧྥེ་སི་སི་རི་ཡཱ་རུ་འཚམས་འདྲིར་ཡོང་སྐབས། སི་རི་ཡཱའི་གནོད་ཐེབས་ས་ཁུལ་གྱི་རྒུད་སྐྱོབ་དངོས་རྫས་དུས་ལྟར་མང་ཚོགས་ཀྱི་ལག་ཏུ་སྤྲོད་ཐབས་མེད་པའི་སྐབས་ལ་འཁེལ་ཡོད། ཕ་ཡུལ་ཨ་མེ་རི་ཁའི་ཡིན་པའི་མིའི་སི་རི་ཡཱའི་གསོ་རིག་སློབ་ཚོགས་ཀྱིས་བཤད་རྒྱུར། ཉེན་ཡོལ་ཁང་དང་ཟས་རིགས་དཀོན་པའི་དབང་གིས་གནོད་ཐེབས་ས་ཁུལ་གྱི་སྡོད་དམངས་རེ་འགའ་ཕྱིར་གཏོར་བརླག་ཐེབས་པའི་ཁང་བའི་ནང་མི་ལོག་ཐབས་མེད་བྱུང་ཡོད་ལ། སྲ་བརྟན་མིན་པའི་ཁང་བར་ཆགས་འཇིག་རང་བཞིན་གྱི་གནོད་འཚེ་འབྱུང་བའི་ཉེན་ཁ་ཡོད་ཟེར། 


བསོད་ནམས་ཚེ་རིང་གིས་བསྒྱུར།